ནུབ་རྒྱུད་ས་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལྟེ་གནས་ཆེ་ཤོས་སྐྱེལ་འདྲེན་ལས་གཉེར་བྱེད་འགོ་ཚུགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་30ཉིན། 10:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཁྲུང་ཆིང་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་ཆུ་ཚོད་10པ་ཙམ་ལ། མེ་འཁོར་ཐེངས་G8699ཁྲུང་ཆིང་ཤར་ཚུགས་ནས་ཐོན་པ་དང་བསྟུན་ནས། ཡུས་ཞ་མྱུར་བགྲོད་ལྕགས་ལམ་ཁྲུང་ཆིང་ཤར་ནས་ཆན་ཅང་བར་གྱི་དུམ་བུ་སྐྱེལ་འདྲེན་ལས་གཉེར་བྱེད་འགོ་ཚུགས་ཤིང་། ལོ་3ལྷག་ཙམ་བསྐྲུན་པའི་ནུབ་རྒྱུད་ས་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལྟེ་གནས་ཆེ་ཤོས་ཏེ། ཁྲུང་ཆིང་ཤར་ཚུགས་ཀྱང་དངོས་སུ་སྐྱེལ་འདྲེན་ལས་གཉེར་བྱེད་འགོ་ཚུགས་པ་རེད།
ཡུས་ཞ་མྱུར་བགྲོད་ལྕགས་ལམ་ཁྲུང་ཆིང་ཤར་ནས་ཆན་ཅང་བར་གྱི་དུམ་བུ་དེ་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་དང་། པ་ནན་ཆུས། ནན་ཁྲོན་ཆུས། ཝུའུ་ལུང་ཆུས། ཕེང་ཧྲུའེ་མེའོ་རིགས་ཐུའུ་ཅ་རིགས་རང་སྐྱོང་རྫོང་། ཆན་ཅང་ཆུས་བཅས་བརྒྱུད། ཆན་ཅང་ནས་ཀྲང་ཅ་ཅེ་དང་ཁྲང་ཏེ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཆན་ཅང་བབས་ཚུགས་དང་འབྲེལ་ཞིང་། མ་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་242ཟིན་པ་དང་། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་ནས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་ཁྲང་ཀྲུའུ་ཐན་གྲོང་ཁྱེར་ཁྱུ་ཚོགས་དབར་མྱུར་སྐྱོད་འགྲུལ་སྐྱེལ་བགྲོད་ལམ་ཞིག་མང་དུ་ཕྱིན་ཡོད་པ་རེད།
ཁྲུང་ཆིང་ཤར་ཚུགས་དེ་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་སུ་ཡོད་ཅིང་། འབྱོར་ཐོན་ལམ་ཐིག་29དང་འགྲུལ་སྐྱེལ་བབས་ཚུགས་ཀྱི་སྟེགས་ངོས་28བཙུགས་པས། ལམ་ཐག་རིང་འབྲིང་གི་མྱུར་བགྲོད་ལྕགས་ལམ་དང་། སྒོར་ཐིག་བདེ་བགྲོད། གྲོང་ཁོངས་ལྕགས་ལམ་བཅས་ནུས་མང་མཉམ་འདྲེས་ཐུབ་ནས། འགྲུལ་པས་ལྕགས་ལམ་འགྲིམ་འགྲུལ་མི་འདྲ་བ་སྟབས་བདེ་པོས་བརྗེ་ཆོག་གི་ཡོད་པ་རེད།