གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་30ཉིན། 10:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་བཞི་པས་དཔེ་མཚོན་གྱོད་དཔེ་ཁག་བཞི་པ་གཅིག་སྡུད་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད།
ལྟ་བཤེར་ལས་ཤེས་གསལ། ཧྲན་ཤིས་ཞིང་ཆེན་ལིན་ཧྥེན་དང་ཁྲང་ཀྲི་སོགས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་སྲེག་གཏོང་བའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་སུ་ལུས་པ་དང་། ས་སྦས་གཏོང་ཡུལ་ཁག་གཅིག་གི་སིམ་འཚག་གཤེར་ཁུ་ཐད་ཀར་ཕྱིར་འབུད་བྱས་པ། ས་སྦས་གཏོང་ཡུལ་ཁག་གཅིག་གིས་སྒྲིག་འགལ་ངང་ས་སྦས་གཏོང་གི་ཡོད་པ་རེད། ལིན་ཧྥེན་གྲོང་ཁྱེར་དུ་ད་ཆ་མེར་སྲེག་གཏོང་བའི་སྒྲིག་བཀོད་2ཡོད་པ་དེ་གྲོང་ཁྱེར་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས)17ནང་གི་4ལ་མ་གཏོགས་ཁྱབ་མེད་པ་དང་། ཁྲང་ཀྲི་གྲོང་ཁྱེར་དུ་ད་ཆ་འཚོ་བའི་གད་སྙིགས་མེར་སྲེག་གཏོང་བའི་སྒྲིག་བཀོད་1ཡོད་པ་དེ་གྲོང་ཁྱེར་ཡོངས་ཀྱི་རྫོང་(ཆུས)12ནང་གི་8ལ་ཁྱབ་པས་དུས་ཡུན་རིང་པོར་ཚད་བརྒལ་འཁོར་སྐྱོད་བྱེད་བཞིན་ཡོད་པ་རེད།
ལིན་ཧྥེན་ཧུའོ་ཀྲོའུ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གཙང་སེལ་ར་བའི་ཆར་ཆུ་དང་སྦགས་བཙོག་ལོགས་གཏོང་གནད་ལ་མ་འཁེལ་བ་དང་། 2014ལོར་འཁོར་སྐྱོད་བྱེད་འགོ་ཚུགས་པ་ནས་བཟུང་སིམ་འཚག་གཤེར་ཁུ་ཁག་གཅིག་དུས་ཡུན་རིང་པོར་བསྡུ་རུབ་དང་གཙང་གསིང་ནུས་ལྡན་མ་བྱས་པར་ཆར་ཆུ་དང་ཆུ་ལོག་འབུད་སའི་ཡུར་བུ་བརྒྱུད་ཐད་ཀར་ལུང་ཤུར་དུ་གཏོང་གི་ཡོད། ཁྲང་ཀྲི་གྲོང་ཁྱེར་ཆིན་རྫོང་དམངས་ཕན་གད་སྙིགས་གཙང་སེལ་ལྟེ་གནས་ཀྱི་སིམ་འཚག་གཤེར་ཁུ་གཙང་གསིང་སྒྲིག་ཆས་2023ལོའི་ཟླ་6པ་ནས་རྒྱུན་གཏན་འཁོར་སྐྱོད་མ་ཐུབ་པར་བརྟེན། སིམ་འཚག་གཤེར་ཁུ་འབོར་ཆེན་གཙང་གསིང་མ་བྱས་པར་ཕྱི་རོལ་གྱི་ཁོར་ཡུག་ཏུ་བཞུར་ནས་སྦགས་བཙོག་རྫིང་བུ་གྲུབ་ཡོད་པ་རེད།
ལིན་ཧྥེན་གྲོང་ཁྱེར་ཞང་ཧྥེན་རྫོང་གི་འཚོ་བའི་གད་སྙིགས་ས་སྦས་གཏོང་ཡུལ་གྱིས་དེ་གར་སླེབས་པའི་འདམ་རྫབ་ལ་སྟངས་འཛིན་ནན་པོ་མ་བྱས་པ་སྟེ། 2024ལོའི་ཟླ་དང་པོ་ནས་2025ལོའི་ཟླ་ལྔ་པའི་བར་ཆུ་འདུས་ཚད་76%ནས་80%བར་གྱི་འདམ་རྫབ་ཏུན་ཁྲི་1.1སྒྲིག་འགལ་ངང་ས་སྦས་བཏང་བ་རེད། ཁྲང་ཀྲི་གྲོང་ཁྱེར་ཝུའུ་ཞང་རྫོང་གི་རྫོང་གྲོང་གི་འཚོ་བའི་གད་སྙིགས་ས་སྦས་གཏོང་ཡུལ་གྱིས་2020ལོའི་ཟླ་5པ་ནས་ཆུ་འདུས་ཚད་80%ཙམ་ཟིན་པའི་འདམ་རྫབ་ཏུན་ཁྲི་1.4སྒྲིག་འགལ་ངང་ས་སྦས་བཏང་བ་རེད། ལིན་ཧྥེན་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ས་སྦས་གཏོང་ཡུལ་གྱིས་2024ལོའི་ཟླ་9པ་ནས་བཟུང་། ཐལ་རྡུལ་ས་སྦས་གཏོང་ཁུལ་དུ་ཚད་གཞིའི་གཏན་འབེབས་ཀྱི་སིམ་འགོག་བླང་བྱ་དང་མི་མཐུན་པའི་གནས་ཚུལ་འོག་ཐལ་རྡུལ་ཏུན་5673.9སྒྲིག་འགལ་ངང་ས་སྦས་བཏང་བ་རེད།
ལྟ་བཤེར་ལས་ཤེས་གསལ། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་བསྡུ་རུབ་སྦུག་དྲ་འཛུགས་སྐྲུན་དོ་དམ་གྱི་ཧེ་བག་མངོན་གསལ་དོད་པ་དང་། འཚོ་བའི་བཙོག་ཆུ་ཐད་ཀར་རྨ་ཆུའི་ནང་དུ་གཏོང་བ་དང་སྒྲིག་འགལ་ངང་འདམ་རྫབ་ཐག་གཅོད་བྱེད་པའི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད། ཝུའུ་ཀྲུང་གྲོང་ཁུལ་གྱི་ཆར་ཆུ་དང་སྦགས་བཙོག་མཉམ་འདྲེས་ཀྱི་གནད་དོན་མངོན་གསལ་དོད་ཅིང་། 2024ལོའི་ལོ་མཇུག་བར་གྲོང་ཁུལ་གྱི་ད་ཡོད་སྤྱི་ལེ་510ཡི་ཆུ་འབུད་མདོང་དྲའི་ཁྲོད་སྤྱི་ལེ་402ཟིན་པའི་མདོང་དྲ་ནི་ཆར་ཆུ་དང་སྦགས་བཙོག་མཉམ་འདྲེས་ཡིན་མོད། འོན་ཀྱང་དུས་ཡུན་རིང་པོར་བླང་བྱ་ལྟར་ཆར་ཆུ་དང་སྦགས་བཙོག་ལོགས་གཏོང་གི་སྒྱུར་བཀོད་བྱས་མེད་པ་རེད།
ཝུའུ་ཀྲུང་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་པོས་འབུད་གཏོང་ཁ་ཞེང་ལས་བརྒལ་བའི་ཆུ་སྒོ་ཐེངས་བརྒྱད་ཕྱེ་ནས་བསྡོམས་པས་བཙོག་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་120ལྷག་ཙམ་ས་འོག་སྒམ་སྦུག་བརྒྱུད་རྨ་ཆུར་བཏང་བ་དང་། ཝུའུ་ཀྲུང་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་གཉིས་པས་ཚད་ལས་བརྒལ་ནས་ཕྱིར་འབུད་ཐེངས་9བྱས་ནས་བསྡོམས་བཙོག་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་36ཙམ་ཆིང་ཧྲུའེ་གཙང་པོ་བརྒྱུད་རྨ་ཆུར་བཏང་བ། ཝུའུ་ཀྲུང་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་གསུམ་པས་ཚད་ལས་བརྒལ་ནས་ཕྱིར་འབུད་ཐེངས་6བྱས་ནས་བཙོག་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་10ཙམ་ནན་ཀན་ལུང་གཞུང་བརྒྱུད་རྨ་ཆུར་བཏང་བ་རེད།