འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་25ཉིན།

ཧྲན་ཤིས་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པས་བོད་ལྗོངས་མེ་ཏོག་རྫོང་དུ་སློབ་སྐྱོར་གྱི་ལས་འགན་དང་དུ་བླངས་པ།

༄༅།།“ང་ཚོ་དང་ས་མཐོའི་དབར་ལང་ཚོའི་ཁ་ཆད་ཡོད”

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་25ཉིན། 09:57】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འདི་ནི་ཨན་ཁྲའོ་ལིན་གྱིས་སློབ་མའི་ཁྱིམ་དུ་སློབ་སྐྱོར་བྱེད་བཞིན་པ།

འདི་ནི་ཨན་ཁྲའོ་ལིན་གྱིས་སློབ་མའི་ཁྱིམ་དུ་སློབ་སྐྱོར་བྱེད་བཞིན་པ།

     འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།

    བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་ཐོག་བརྩེགས་ཁང་ཆེན་གྱི་ཐོག་ཁ་ནས་རྫོང་གྲོང་ལ་རྒྱང་ལྟ་བྱེད་སྐབས་རྫོང་གྲོང་སྤྲིན་དཀར་ལང་ལོང་དུ་རྒྱུ་བ་ལྟར་གྱི་སྨུག་པས་ཡོངས་སུ་བཏུམས་ཡོད། ཧྲན་ཤིས་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་རུ་དཔོན་ཨན་ཁྲའོ་ལིན་གྱིས་ལོ་གཅིག་ཙམ་ནང་ཁོང་དང་མཐའ་མཚམས་ཀྱི་རྫོང་གྲོང་དབར་ལས་དབང་དམ་པོར་འབྲེལ་བ་གསལ་པོར་ཤེས་ཀྱི་ཡོད།

    ལོ་གཅིག་གོང་ཨན་ཁྲའོ་ལིན་དང་ཁོངས་མི་གཞན་དག་བཞི་པོས་ལམ་ཐག་ལེ་དབར་སྟོང་ཙམ་ཆོད་པའི་ཧྲན་ཤིས་ནས་འདི་གར་ཡོང་སྟེ་རང་ཉིད་ཀྱི་སློབ་སྐྱོར་གྱི་འཚོ་བ་སྐྱེལ་འགོ་ཚུགས།

    སློབ་གྲྭ་གཅིག་ནས་སློབ་གྲྭ་གཞན་ཞིག་བར་ཨན་ཁྲའོ་ལིན་གྱི་གོ་མིང་མང་དུ་ཕྱིན་པ་སྟེ། འཛིན་གྲྭའི་འཛིན་བདག་གཞོན་པ་དང་། སློབ་གྲྭའི་རྐང་རྩེད་སྤོ་ལོའི་དགེ་རྒན། སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ཁྲུའུ་ཡི་ལས་བྱ། ཧྲན་ཤིས་དགེ་འོས་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་རུ་དཔོན་བཅས་སུ་གྱུར། གོ་མིང་དེ་དག་ནི་འཚར་ལོངས་བྱུང་བའི་རྟགས་མཚན་ཡིན་པ་དང་། ཁོང་གི་ངོས་ནས་བརྗོད་ན་ལས་ཀ་མང་པོ་ཞིག་གསར་པ་རེད།

     སློབ་ཁྲིད་ཕུད་ཨན་ཁྲའོ་ལིན་སོགས་ཀྱིས་ཁྱིམ་དུ་སློབ་ཁྲིད་བྱེད་པའི་ལས་འགན་དང་དུ་བླངས། ཁོང་གི་འཛིན་གྲྭའི་སློབ་མ་ཞིག་ནད་ཀྱིས་མནར་ནས་སློབ་གྲྭར་རྒྱུན་གཏན་བཞིན་ཡོང་ཐབས་བྲལ། དེས་ན་རྟག་ཏུ་གཟའ་པ་སངས་ཀྱི་ཕྱི་དྲོར་ཨན་ཁྲའོ་ལིན་གྱིས་སློབ་ཁྲིད་དགེ་རྒན་དང་མཉམ་དུ་སློབ་མ་དེའི་ཁྱིམ་དུ་འགྲོ་གི་ཡོད། སློབ་གསེང་དུ་ཤོག་བུའི་གནམ་གྲུ་བཟོ་རོགས་དང་གཞས་སློབ་ཀྱི་ཡོད། “ངས་སེམས་ནུས་གང་ཡོད་བཏོན་ནས་སེམས་ཁུར་དང་དྲོ་སྐྱིད་དེ་བས་མང་བ་ཚོར་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཨན་ཁྲའོ་ལིན་གྱིས་བརྗོད།

    ཐེངས་ཤིག་སློབ་མ་དེར་གཞས་སློབ་དུས་གཞས་སྦྱོང་འདོད་ཆེན་པོ་ཡོད་པ་དང་སྐད་ཆ་ཡང་ཤོད་མང་དུ་ཕྱིན་པ་ཨན་ཁྲའོ་ལིན་གྱིས་ཚོར། དེས་ན་གླུ་སྒྲ་དགེ་སློབ་གཉིས་དབར་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུར་གྱུར། ད་ཆ་སློབ་མ་དེས་བྱིས་གླུ་ཁ་ཤས་གཏོང་ཤེས་ཀྱི་ཡོད། རྟག་ཏུ་ཁོ་མོས“རྒན་ལགས་སྐུ་ཁམས་བཟང”ཞེས་འབོད་པ་དང་། འགྲོ་དུས“རྗེས་སུ་མཇལ་ཡོང”ཞེས་པ་གོ་དུས་ཨན་ཁྲའོ་ལིན་གྱིས་སློབ་སྐྱོར་གྱི་དོན་སྙིང་ངོ་མ་ཚོར།

     ཨན་ཁྲའོ་ལིན་དང་བསྡུར་ན་ཞུས་ཡུས་མོང་གི་སློབ་སྐྱོར་གྱི་རེ་བའི་ས་བོན་སེམས་ཀྱི་ཞིང་སར་དེ་བས་འདེབས་སྔ་བ་ཡོད། སློབ་གྲྭ་འགྲིམ་དུས་ཞུས་ཡུས་མོང་གིས་དྲ་ཐོག་གི་སློབ་ཁྲིད་རྣམ་གྲངས་སུ་ཞུགས་མྱོང་བ་དང་། ཐག་རིང་མེ་ཏོག་གི་ཕྲུ་གུ་ཚོ་དང་མཛའ་གཅུགས་ཀྱི་འབྲེལ་བ་ཟབ་མོ་བཙུགས། “འདི་ད་ཆ་ང་ཚོའི་སྲོལ་རྒྱུན་དུ་གྱུར་ཡོད། སློབ་སྐྱོར་དགེ་རྒན་མང་ཆེ་བས་བྱེད་སྟངས་འདི་རིགས་ལ་བརྟེན་ནས་རང་ཉིད་དང་སློབ་མའི་དབར་འབྲེལ་བ་འཛུགས་ཀྱི་ཡོད”ཅེས་ཞུས་ཡུས་མོང་གིས་བརྗོད།

     བོད་ཀྱི་སློབ་མ་དང་སྤེལ་རེས་དང་མཉམ་འགུལ་ལ་ཤུགས་སྣོན་རྒྱག་ཆེད། སློབ་སྐྱོར་ཚོགས་པས་དགུན་གསེང་དུ“ཧྲན་ཤིས་དགེ་རྒན་གྱི་དྲ་ཐོག་སློབ་སྐྱོར”གྱི་གཅིག་རོགས་གཅིག་གི་དང་བླངས་རོགས་སྐྱོར་བྱེད་སྒོ་སྤེལ་ནས་གྲོགས་པོ་ཆུང་ཆུང་ཚོར་སྣ་མང་ཕུན་སུམ་ཚོགས་པའི་དགའ་སྣང་སློབ་ཚན་ཁྲིད་པ་དང་། “སྨྱུག་གྲོགས་འཆར་གཞིའི”འཕྲིན་གཏོང་རྣམ་གྲངས་སྤེལ་ནས་འཕྲིན་ཡིག་1200ཡིས་སློབ་གྲྭ་དང་ས་མཐོའི་དབར་སེམས་སྦྲེལ་ཟམ་པ་བསྐྲུན་པ། དྲ་ཕྱིར་སློབ་སྐྱོར་ཚོགས་པའི་ཁོངས་མིས་ཧྲན་ཤིས་དགེ་འོས་སློབ་ཆེན་གྱི་ཚན་ཁག་གི་ལེགས་ཆ་སྤྱད་དེ་སློབ་སྐྱོར་སློབ་གྲྭར་དྲག་རྩལ་དང་། རྐང་རྩེད་སྤོ་ལོ། མཉམ་གཞས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་མྱོང་རོལ་སོགས་ཀྱི་དགའ་སྣང་སློབ་ཚན་བཀོད་སྒྲིག་བྱས་ཏེ་ཕྲུ་གུ་ཚོའི་མཐོང་རྒྱ་ཡངས་སུ་གཏོང་གི་ཡོད།

      2017ལོ་ནས་བཟུང་ཧྲན་ཤིས་དགེ་འོས་སློབ་ཆེན་གྱིས་སྔ་རྗེས་སུ་སྐབས་བརྒྱད་ཀྱི་སློབ་མར་དགེ་རྒན་34མེ་ཏོག་ལ་སློབ་སྐྱོར་དུ་མངགས་ཡོད། དགེ་རྒན་ཚོས་མེ་ཏོག་རྫོང་གི་ཆ་ཚང་སློབ་ཆུང་གི་ལོ་རིམ་དྲུག་གི་ཚན་ཁག་9ཡི་སློབ་ཁྲིད་ཀྱི་ལས་འགན་ཁུར་ཡོད།

      སྐབས་དང་པོའི་སློབ་སྐྱོར་ཚོགས་པའི་ཁོངས་མིས་མེ་ཏོག་རྫོང་དུ་ཐོག་མར་སླེབས་དུས་ཀྱི་རྣམ་པ་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་བརྟན་པོར་ངེས་པ་སྟེ། ཀྱག་ཀྱོག་གི་རི་ལམ་དང་། གཡང་གཟར་གྱི་བྲག་རི། དུས་ངེས་མེད་དུ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཐོན་སྲིད་པའི་སྐབས་དེ་དུས་ཀྱི་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་དེར“གཤིན་རྗེའི་ལམ”ཞེས་འབོད་པ་དང་། ཆུ་ཚོད་10ཙམ་གྱི་འབར་འབུར་གྱི་ལམ་དུ་ཁོང་ཚོས་བོད་སྐྱོད་ཀྱི་མྱོང་བ་དང་པོ་དེ་བརྒྱུད་དགོས་ཀྱི་ཡོད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) “ལག་འཇུར་དམ་པོར་འཇུས་ནས་སྒེའུ་ཁུང་ཕྱི་རོལ་གྱི་གཏིང་ཚད་སྨི་བརྒྱ་ཙམ་ཡོད་པའི་གཡང་གཟར་མཐོང་དུས་ངས་སློབ་གསོའི་དོན་སྙིང་ཤེས་སོང”ཞེས་སློབ་སྐྱོར་ཚོགས་པ་སྐབས་དང་པོའི་ཁོངས་མི་ཝང་ཐའོ་ཡིས་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་བརྗོད།

      2020ལོར་མེ་ཏོག་ཏུ་སླེབས་པའི་སློབ་སྐྱོར་ཚོགས་པ་སྐབས་བཞི་པའི་ཁོངས་མི་ཐན་ཡུས་ཤིན་གྱིས་སློབ་མར་སྐུལ་ལྕག་བྱ་ཆེད་ཡར་རྒྱས་འགྲོ་མགྱོགས་པའི་སློབ་མ་ཞིག་ལ་ཆར་གདུགས་ཤིག་བྱ་དགར་སྤྲད། བསམ་ཡུལ་ལས་འདས་པར་གཟའ་འཁོར་ཁ་ཤས་སོང་རྗེས་སློབ་མ་དེས་ཁོང་ལ་ཨ་ཤོམ་སོས་པ་རྐང་ཁ་ཤས་སྤྲད་ནས། དེ་ནི་གཟའ་མཇུག་ཏུ་ངས་ཆེད་མངགས་བཀོག་པ་ཡིན་ལ་པགས་པ་ཡང་བཤུས་ཟིན་ཞེས་བཤད། “དེ་ནི་རྩ་ཆེ་ལ་དོན་སྙིང་ཟབ་མོ་ལྡན་པའི་ལག་རྟགས་ཤིག་རེད”སློབ་མའི་དབར་གྱི་བྱ་བ་ཆུང་ཙག་དག་ཤོད་སྐབས་ཐན་ཡུས་ཤིན་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།

     སློབ་སྐྱོར་ཚོགས་པའི་ཁོངས་མི་མང་པོའི་ངོས་ནས་བརྗོད་ན། མེ་ཏོག་ཏུ་སྡོད་རིང་གི་མྱོང་བ་དེ་ཁོང་ཚོའི་མི་ཚེ་གཅིག་གི་རྩ་ཆེའི་དྲན་ཤེས་སུ་གྱུར་ཡོད་ལ། ཁོང་ཚོའི་མི་ཚེའི་གདམ་གར་ཡང་ཤུགས་རྐྱེན་ཐེབས་ཡོད། ཝང་ཅིང་ནི་སློབ་སྐྱོར་ཚོགས་པ་སྐབས་དང་པོའི་ཁོངས་མིའི་གྲས་ཡིན་པ་དང་ད་ཆ་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་དགེ་རྒན་ཞིག་ཡིན་པ་དང་། སློབ་སྐྱོར་ཚོགས་པ་སྐབས་གཉིས་པའི་ཁོངས་མི་ཡིན་པའི་ཀྲང་ཙེ་ཧེང་ད་ཆ་མེ་ཏོག་རྫོང་དགའ་ལྡན་ཤང་དུ་ལས་ཀ་བྱེད་ཀྱི་ཡོད།

      “ང་ཚོ་དང་ས་མཐོའི་དབར་ལང་ཚོའི་ཁ་ཆད་ཡོད་དེ། དུས་ཐུང་གི་མི་ཚེའི་བཤུལ་ལམ་ནང་ཚེ་གང་བརྗེད་པར་དཀའ་བའི་བྱ་བ་ཞིག་བསྒྲུབས་པར་བྱེད། ལོ་གཅིག་གི་སློབ་སྐྱོར་གྱི་འཚོ་བ་ཐུང་ཐུང་ཡིན་རུང་སློབ་མ་ཚོའི་དབར་བརྩེ་བ་ཟབ་མོ་ཆགས་ཡོད། གཅེན་པོ་དང་གཅེན་མོ་ཚོས་མེ་ཏོག་ཏུ་ཡོང་བའི་དད་སེམས་དང་ཆོད་སེམས་ད་ཆ་ངས་གཞི་ནས་ཚོར་བྱུང”ཞེས་ཞུས་ཡུས་མོང་གིས་བརྗོད།