ས་གནས་ཁག་གིས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་25ཉིན། 09:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“ཁུལ་ཆུང་ནང་རླངས་འཁོར་གང་བྱུང་དུ་འཇོག་པ་དང་། གད་སྙིགས་དུས་ཐོག་ཏུ་མི་དབོར་བ། ཁང་པའི་ཐོག་ཁ་ནས་ཆུ་འཛག་ཀྱང་སྡེ་ལས་ཀྱིས་དུས་ཚོད་རིང་པོ་འགྱངས་ནས་ཐག་གཅོད་མི་བྱེད་པ”ལ་སོགས་ཀྱི་སྐོར་ལ། ཉེ་ཆར། ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཧུང་ཙེ་ཆུས་ཀའོ་ལེང་ཅན་ཁྲོམ་གཞུང་པེ་ཅིང་ལམ་ཁུལ་ཆུང་དུ་ལས་བྱེད་པ་བཅའ་སྡོད་བྱས་ནས་གཞུང་ལས་བསྒྲུབས་ཏེ། གྲོང་མིའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་དང་འགལ་བའི་གནད་དོན་ཐག་གཅོད་བྱས་པ་རེད།
ཧུང་ཙེ་ཆུས་ཀྱིས“གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་དོན་འཁྱོལ་བྱས་ཏེ། ཏང་ཡོན་ལས་བྱེད་པ་འཐབ་ཕྱོགས་དང་པོར་སྐྱོད་པར་སྐུལ་འདེད་བཏང་ནས་གནད་དོན་བསྡུ་རུབ་དང་། ཞིབ་གཅོད། ཐག་གཅོད། ལན་སྤྲོད་བཅས་ཀྱི་བརྒྱུད་རིམ་ལེགས་སུ་བཏང་བ་དང་དུས་མཚུངས་སུ“སྤེལ་རེས་གཉིས་དང་གདེང་འཇོག་གཉིས”ཀྱི་གདེང་འཇོག་ལམ་སྲོལ་བཙུགས་ནས་བཅའ་སྡོད་སྡེ་ཚན་གྱི་འགན་འཁྲི་ལག་བསྟར་བྱས་ཚུལ་ཁྲོམ་གཞུང་ལ་གདེང་འཇོག་བྱེད་པར་སྤྲད་པ་དང་སྡེ་ཁུལ་གྱི་འགན་འཁྲི་ལག་བསྟར་བྱས་ཚུལ་གྲོང་མིར་གདེང་འཇོག་བྱེད་པར་སྤྲད་པས་མང་ཚོགས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་སྔར་བས་ཚོར་ཐུབ་པ་བྱུང་ཡོད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རིང་། ས་གནས་ཁག་གིས་སྒྲིག་བཤེར་ལྟ་ཞིབ་དང་། བརྟག་དཔྱད་ཞིབ་འཇུག ཡིག་འབུལ་ཞུ་བཅར་གྱི་ལས་སྤྲོད་སོགས་ཀྱི་ཐབས་ལམ་གང་ལེགས་སྤྱད་པ་མ་ཟད། མང་ཚོགས་ཞུགས་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་མཐོང་ཆེན་གྱིས་གནད་དོན་བཤེར་འདོན་དང་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། མཁྲེགས་སར་གཏུག་ཕོད་པ་དང་ཕན་འབྲས་དངོས་དོན་གཉེར་བྱས་ཡོད།
“འཛད་སྤྱོད་པས་བཟའ་བཏུང་ཡོ་བྱད་ཀྱི་གཙང་སྦྲའི་གནས་ཚུལ་ལ་བརྡར་གཅོད་བྱེད་ཁག་པོ་ཡོད་པས། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས‘ཟ་ཁང་ལ་འཚོལ་ཞིབ’ཡག་པོ་བྱེད་ཐུབ་བམ”ཞེས་ས་གནས་ས་ཐོག་གི་ལྟ་འདོམས་ཁྲིམས་སྒྱུར་ནང་ཞུགས་སྐབས་ལྟ་སྐུལ་པ་ཞིག་གིས་གྲོས་འགོ་འདི་བཏོན། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མྱུར་དུ་ལན་བཏབ་ནས་དུས་བཀག་ལྟར་ཞིབ་བཤེར་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།
ཧུའུ་ཀྲོའུ་གྲོང་ཁྱེར་གྱིས་གནད་དོན་བཤེར་འདོན་ལ་དམ་འཛིན་ནན་ཏན་བྱས་ཏེ། ལྟ་སྐུལ་པ་ས་གནས་ས་ཐོག་གི་ལྟ་འདོམས་ཁྲིམས་སྒྱུར་དང་ལྐོག་ཞིབ་སོགས་ཀྱི་བྱེད་སྒོར་ཞུགས་པར་གདན་དྲངས་ནས། ཁྲོམ་ར་ལྟ་འདོམས་ཀྱི་ཞིབ་མཆན་ཞབས་ཞུ་དང་སྲིད་འཛིན་ཁྲིམས་སྒྱུར་སོགས་ལ་ལྟ་སྐུལ་བྱས་པ་རེད། དེ་དང་ཆབས་ཅིག སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345དང་སྡེ་ཁུལ་དུ་འདྲི་རྩད་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་གྲོང་མིའི་བསམ་འཆར་དང་གྲོས་འགོ་བསྡུ་རུབ་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་པའི་གསང་སྤྱོད་མང་དུ་བཏང་བའམ་ཡང་ན་བསྒྱུར་བཀོད་དང་སྡེ་ཁུལ་གྱི་གློག་སྒུལ་སྦག་སྦག་གཅིག་སྡུད་གློག་གསོག་དང་འཇོག་ས་མང་དུ་གཏོང་བ་སོགས་རྣམ་གྲངས་ཁག་75གྲོང་ཁྱེར་གྱི་ཤེས་དཔལ་འཛུགས་སྐྱོང་གི“བདེ་སྐྱིད་ཞིབ་ཐོའི”ནང་བཅུག་པ་མ་ཟད། རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་གྲོང་མིའི་ལྟ་སྐུལ་ཡང་དང་ལེན་བྱས་པ་རེད།
སྤྱོད་ཚུལ་གནད་དོན་གྱི་སྲོག་ཤིང་ནི་ཏང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བའི་གནད་དོན་ཞིག་རེད། ས་གནས་ཁག་གིས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ལ་ཤུགས་རྒྱག་པའི་ཁྲོད་འགན་འཁྲི་འཁུར་བ་དང་བྱས་རྗེས་བཞག་ཡོད།
“མ་གཞི་ཉིན་གཉིས་པའི་བར་སྒུག་དགོས་ཀྱི་རེད་བསམ་བྱུང་། འོན་ཀྱང་སྲིད་དོན་ཞབས་ཞུའི་ལས་ཆོད་ཆེན་པོ་དེ་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང” མི་རིང་བའི་གོང་། ཁེ་ལས་ཤིག་གིས་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ཧོང་ཕུའུ་ཆུས་སུ་ཡན་ལག་ཀུང་སི་འཛུགས་རྩིས་ཡོད་མོད། འོན་ཀྱང་དཔྱད་གཞིའི་ཡིག་རིགས་དུས་ཐོག་ཏུ་གྲ་སྒྲིག་ཡག་པོ་བྱུང་མེད། ཧོང་ཕུའུ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ཁེ་ལས་ཀྱི་མྱུར་སྒྲུབ་རྣམ་པའི”ཞབས་ཞུ་འཕྲལ་མར་སྤེལ་འགོ་ཚུགས་པ་དང་། “དབུ་བཞུགས་ཞབས་ཞུ་དཔོན”གྱིས་དཔྱད་གཞིའི་ཡིག་རིགས་ཐོ་འགོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱས་ཏེ། “ཁས་ལེན་ལམ་ལུགས་ཀྱི་ཡིད་རྟོན་ཞིབ་མཆན་འགོད་པའི”རྣམ་པར་བརྟེན་ནས་ཁེ་ལས་ལ་ཉིན་དེ་རང་དུ་ཁེ་ལས་གཉེར་བའི་ཐོ་འགོད་རོགས་བྱས་པ་རེད།
ཚོང་དོན་ཐོ་འགོད་ཀྱི“དཀའ་ངལ་དང་རྙོག་འཛིང་ཆེ་བའི་གནད་དོན”ལ་དམིགས་ནས། ཧོང་ཕུའུ་ཆུས་ཀྱིས“ཁེ་ལས་ཀྱི་མྱུར་སྒྲུབ་རྣམ་པའི”ཞབས་ཞུ་བཏོན་པ་དང། “ཆེད་དོན་ཞབས་ཞུའི་སྐར་ཁུང”དང“དབུ་བཞུགས་ཞབས་ཞུ་དཔོན”བཀོད་སྒྲིག་བྱས་ཏེ། དཀའ་ངལ་དང་རྙོག་འཛིང་ཆེ་བའི་གནད་དོན་ཆེད་མིས་སྒྲུབ་རོགས་བྱེད་པ་དང་། དམིགས་བསལ་དགོས་མཁོ་མྱུར་དུ་སྐོང་བ། ཛ་དྲག་གི་དོན་དག་དམིགས་བསལ་དུ་སྒྲུབ་པ། ཐག་གཅོད་བྱེད་རྒྱུར་ལུས་པའི་གནད་དོན་ཆེད་དོན་ཚན་ཁག་གིས་རྗེས་སུ་སྙེག་ནས་སྒྲུབ་པ་བཅས་བྱུང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་སྒུལ་ཤུགས་དང་ཕན་འབྲས་དངོས་སུ་བསྒྱུར་ཡོད།
སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་བྱས་ནས་ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་པས་མང་ཚོགས་ཀྱི་ཐོབ་སྣང་མུ་མཐུད་ཆེ་རུ་ཕྱིན་པ།
མི་རིང་བའི་གོང་། ཅང་ཤིས་ཞིང་ཆེན་ཅི་ཨན་གྲོང་ཁྱེར་ཡུང་ཤིན་རྫོང་པུའུ་ཆན་གྲོང་རྡལ་ཝུན་ཐེན་གྲོང་ཚོའི་གྲོང་མིས་གྲོང་ཚོའི་ཆུ་ཡུར་རྡིབ་འདུག་ཅེས་བརྗོད་པས། གྲོང་རྡལ་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ལས་བྱེད་པས་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་རྩད་བཤེར་དང་ཉམས་གསོ་བྱེད་པར་བསྐྱོད་ཡོད།
ཡུང་ཤིན་རྫོང་གིས“ཏང་ཡོན་ལས་བྱེད་པ་སྟོང་དྲ་མིག་ནང་ཞུགས་པའི”བྱ་སྤྱོད་སྤེལ་བ་དང་། “དམངས་འདུན་གྱི་ཟླ་ཕྱེད་གླེང་མོལ”གྱི་གྲོང་མིའི་གྲོས་མོལ་ཚོགས་འདུ་འཚོགས་པ། “དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་དམངས་ཀྱི་གནས་ཚུལ་བསྡུ་རུབ་བྱེད་པའི་དྲ་རྒྱ་བཙུགས་པ་བཅས་བརྒྱུད། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཁག་1300ལྷག་ཙམ་བསྡུ་རུབ་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་1260ཐག་གཅོད་བྱས་པ་རེད།
ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲོའུ་གྲོང་ཁྱེར་ཚན་ཤིས་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལོ་རྒྱུས་ཐོག་ཐག་གཅོད་བྱེད་རྒྱུར་ལུས་པའི་འགུལ་མེད་རྒྱུ་ནོར་གྱི་གནད་དོན་ཆེད་སྒྲུབ་སྐར་ཁུང་གི་མདུན་དུ། ཅིན་ཧྥང་མེ་ཏོག་ལྡུམ་རའི་ཁུལ་ཆུང་གི་དོ་བདག་སྐུ་ཞབས་ཁྲེན་ལགས་ཀྱིས་འགུལ་མེད་རྒྱུ་ནོར་གྱི་ཁེ་དབང་ལག་ཁྱེར་གསར་རྐྱང་ལག་ཏུ་བཟུང་ནས་སེམས་འགུལ་ཆེན་པོ་ཐེབས་བཞིན“གཞི་ནས་ཁང་པའི་ལག་ཁྱེར་རག་བྱུང”ཞེས་བཤད།
སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་རིང་། ཚན་ཤིས་གྲོང་ཁྱེར་གྱིས་ཆེད་དོན་ཚན་ཁག་བཙུགས་ནས་འགུལ་མེད་རྒྱུ་ནོར་གྱི“ཐོ་འགོད་དཀའ་བའི”གནད་དོན་ཐག་གཅོད་བྱེད་པར་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། གསར་སྤེལ་ཚོང་པ་དང་འབྲེལ་བ་བྱེད་མི་ཐུབ་པ་སོགས“བདག་མེད་རྣམ་གྲངས”ལ་དོ་བདག་ཨུ་ཡོན་ལྷན་ཁང་གིས་ཚབ་བྱས་ནས་སྙན་སེང་ཞུས་པ། “ལག་ཁྱེར་མེད་པའི”རྣམ་གྲངས་ལ་འགག་རྩའི་ཆ་རྐྱེན་བཞིར་དམ་པོར་དམིགས་ནས་ཞིབ་མཆན་འགོད་པའི་དུས་བཅད་ཐུང་དུ་བཏང་བ། འཆར་འགོད་དང་མེ་གསོད་སོགས་ལྷུ་ཚིགས“མཚམས་ཆད”རྣམ་གྲངས་ལ་གྱོད་གཞི་རེ་རེ་བཞིན་ཐག་གཅོད་དང་དོན་དག་རེ་རེ་བཞིན་གྲོས་མོལ་བྱས་ཤིང་། མིག་སྔར། འགུལ་མེད་རྒྱུ་ནོར་གྱི་ཁེ་དབང་ལག་ཁྱེར་1020སྤྲད་ཡོད།
ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར་ཀྲན་དབྱི་ཆུས་ལིང་ཅའོ་ཤང་གི་གྲོ་ཞིང་ནས་ཟམ་ཆེན་བར་གྱི་འགྲོ་ལམ་ལ་གཏོར་སྐྱོན་བྱུང་བའི་གནས་ཚུལ་དེ་དམངས་འཚོའི་བྱ་བ་དངོས་ཀྱི་ཞིབ་ཐོའི་ནང་བཅུག་ཡོད། གྲོང་མི་ཞུས་ཏའོ་ཧྥུའུ་ཡིས“རྩད་བཤེར་བྱེད་འགོ་ཚུགས་པ་ནས་དངོས་སུ་ལས་འགོ་བཙུགས་པའི་བར་ཉིན་གསུམ་ལས་འགོར་མ་སོང་”ཞེས་བཤད།
ཆུས་ཅིང་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་གཅིག་སྡུད་བཅོས་སྒྲིག་གི་ཞིབ་ཐོ་བཀོད་ནས་བཅོས་སྒྲིག་བྱེད་ཐབས་ཞིབ་ཕྲ་བཟོས་པ་མ་ཟད། དུས་བཀག་ལྟར་ཞིབ་དཔྱད་བྱས་ཏེ་བྱ་ཐབས་ནུས་ལྡན་མེད་པ་དང་སྐུལ་འདེད་གཏོང་འགོར་བའི་གནད་དོན་ལ་ལྟ་སྐུལ་དང་དྲན་སྐུལ་བྱས་ནས་གནད་དོན་གྱི་ཞིབ་ཐོ་ཕན་འབྲས་ཀྱི་ཞིབ་ཐོར་བསྒྱུར་བར་སྐུལ་འདེད་བཏང་ཡོད།