གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་25ཉིན། 09:52】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་25ཉིན། ཀྲུང་གོའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་26པའི་བོད་རུམ་འགྲེམས་ཁུལ་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་ཚོམས་ཆེན་ཤར་མར་སྤེལ་རྒྱུ་རེད། སྐབས་འདིའི་བོད་རུམ་འགྲེམས་ཚོགས་ཐོག་གོ་ལ་ཧྲིལ་པོའི་ས་གདན་སྒྱུ་རྩལ་གྱི་སྤུས་ལེགས་ཐོན་རྫས་གཅིག་ཏུ་འདུས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་ལྡན་འོག མཚོ་སྔོན་གྱི་བོད་རུམ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཅིག་སྡུད་ཐོག་མངོན་རྒྱུ་རེད།
སྐབས་འདིའི་འགྲེམས་ཚོགས་ཐོག་ཕ་ཁི་སི་ཐན་དང་། ཨ་ཧྥུ་ཀ་ནི་སི་ཐན། ནེ་པ་ལ། དབྱི་རན། རྒྱ་གར། ཐུར་ཁེ་སོགས་རྒྱལ་ཁབ་6གི་རྒྱལ་སྤྱིའི་ས་གདན་ཚོང་དུད་69འགྲེམས་ཚོགས་ལ་ཞུགས་པའི་ཡིད་དབང་བཀུག་ནས། འགྲེམས་སྟོན་བྱེད་པའི་ས་གདན་ཏུན་26ཟིན་པ་དང་ཆབས་ཅིག མཚོ་སྔོན་དང་། པེ་ཅིང་། ཧྲང་ཧའེ། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུང་། ཧོ་ནན། ཧོ་པེ། ཧྥུའུ་ཅན། ཤིན་ཅང་། ཉིང་ཞ། ནང་སོག ཀན་སུའུ། ཤང་ཀང་བཅས་རྒྱལ་ནང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། དམིགས་བསལ་སྲིད་འཛིན་ཁུལ་བཅས་14ཡི་ས་གདན་ཚོང་དུད་111ཧུར་ཐག་ཞུགས་པ་དང་། འགྲེམས་སྟོན་བྱེད་པའི་ས་གདན་ཏུན་100ལྷག་ཙམ་ཟིན་གྱི་ཡོད།
ཀྲུང་གོ་བོད་རུམ་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལུའོ་ཧྲི་ཝུའེ་ཡིས་ངོ་སྤྲོད་བྱས་པར། སྐབས་འདིའི་བོད་རུམ་འགྲེམས་སྟོན་གྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ནི་དུས་གཅིག་ཏུ་སྤེལ་འགོ་ཚུགས་པའི“འཛམ་གླིང་ས་གདན་བསྡུ་འགྲེམས་ལྟེ་གནས”རེད། ལྟེ་གནས་དེ་ཟི་ལིང་གི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དང་། ཀྲུང་གོ་བོད་རུམ་མཐུན་ཚོགས། མཚོ་སྔོན་ཏ་ཁྲི་ཐུའུ་པའོ་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་ཀུང་སིས་མཉམ་དུ་བཏོད་པ་ཞིག་ཡིན་ཞིང་། དེ་ནི་ཟི་ལིང་གི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཐོན་ལས་གླིང་དུ་གནས་པ་དང་རྒྱ་ཁྱོན་ལ་སྨི་ངོས་གྲུ་1000ཟིན་གྱི་ཡོད། དེས“ནམ་ཡང་ནུབ་པ་མེད་པའི་ས་གདན་གྱི་འགྲེམས་སྟོན”ངེས་གནས་སུ་བྱས་ཏེ། སྲོལ་རྒྱུན་གྱི་ཚོགས་འགྲེམས་རྣམ་པར་ཚད་བརྒལ་རང་བཞིན་གྱི་གསར་གཏོད་མངོན་འགྱུར་བྱུང་ཡོད། བསྡུ་འགྲེམས་ལྟེ་གནས་ཀྱིས་ཀྲུང་གོ་དང་། རྒྱ་གར། ཕ་ཁི་སི་ཐན། དབྱི་རན། ནེ་པ་ལ། ཨ་ཧྥུ་ཀ་ནི་སི་ཐན། ཐུར་ཁེ་བཅས་རྒྱལ་ཁབ་ཀྱི་འགྲེམས་ཁུལ་འཆར་འགོད་ཞིབ་ཚགས་བྱས་པ་མ་ཟད། “ཀྲུང་གོ(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས”ཀྱི་རིག་གནས་འགྲེམས་སྟོན་དང་བསླས་འཐག་ཉམས་ལེན་ཁུལ་སོགས་ཀྱང་བཙུགས་ཏེ། ཚད་མཐོའི་ཡུལ་རྣམ་ཅན་གྱི་མཚོན་སྟངས་བརྒྱུད། འཛད་སྤྱོད་པས་རྒྱལ་ཁབ་ཁག་གི་ས་གདན་གྱི་དམིགས་བསལ་གྱི་རྒྱན་རིས་དང་། བྱང་ཆུབ་པའི་བསླས་འཐག་ལག་རྩལ། གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་བཅས་ལ་དབྱིངས་ཞུགས་རྣམ་པའི་ཉམས་ལེན་ཐུབ་པ་བྱེད་རྒྱུ་རེད།