གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་25ཉིན། 09:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ཚུན་དུ། བོད་ལྗོངས་རྟེན་མཛོད་ཁང་གིས་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། རིག་གནས་བསམ་བཀོད་གསར་སྤེལ་དང་། བྱིས་པའི་ཉམས་ལེན། ལྗོངས་གཟིགས་སྟེགས་བུ་སོགས་ཁྱད་ཆོས་ལྡན་པའི་རྣམ་པ་གཞི་རྟེན་དུ་བྱས་ཏེ། “རིག་གནས་ཉམས་ལེན་དང་ཞབས་ཞུ་རིམ་སྤོར”ཟུང་འབྲེལ་གྱི་སྐུལ་འདེད་གཉིས་ཀྱི་རྣམ་པ་བཏོད་པ་དང་། ས་མཐོའི་རིག་གནས་གཞི་རྒྱུ་དང་དེང་རབས་ཡུལ་སྐོར་གྱི་དགོས་མཁོ་མཉམ་འདྲེས་བྱེད་པའི་ལས་རྣམ་གསར་པ་བཏོད་དེ། 5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུར་ལྟེ་བའི་འགྲན་རྩོད་ནུས་པ་སྦྱིན་ཡོད།
ཁྱིམ་ཚང་དང་ཡུལ་སྐོར་བར་ཕྱོགས་པའི་བྱིས་པའི་ཉམས་ལེན་ཁང་དུ་VRམཉམ་འགུལ་དང་། གནའ་རྫས་རྟོག་ཞིབ་ལད་མོ། རིག་དངོས་གྱང་། སྲོག་ཆགས་ཀྱི་ཞིང་ཁམས་སོགས་ཀྱི་རྣམ་གྲངས་བཙུགས་ནས། བྱིས་པ་རྣམས་བོད་ཀྱི་ལོ་རྒྱུས་རིག་གནས་ལ་དབྱིངས་ཞུགས་ཐུབ་པར་བྱས་ཡོད། ས་ཁོངས་དེས་ད་དུང་བོད་ལྗོངས་རྟེན་མཛོད་ཁང་གི་ཕ་མ་བུ་ཕྲུག་གི་ཞབས་ཞུའི་སྟོང་ཆ་གསབ་ནས་ལོ་ནའི་ཁྱད་པར་མེད་པའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ། 5Aདཔྱད་འདེམས་ཁྲོད“ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད”དང“སྤྱི་ཚོགས་ཀྱི་སློབ་གསོའི་ནུས་པ”ཚད་གཞི་དང་མཐུན་གང་ཐུབ་བྱས་ཡོད།
གཞན་ཡང་། འགྲེམས་ཁང་གི་ཐོག་ཁར་གནས་པའི་ལྗོངས་གཟིགས་སྟེགས་བུ་དེ་ལྷ་སའི“དྲ་ཐོག་གི་ས་ཚིགས་གྲགས་ཅན”གསར་པར་གྱུར་ཡོད། སྟེགས་བུའི་མཐོང་རྒྱ་ཡངས་པས་ཕོ་བྲང་པོ་ཏ་ལ་དང་གངས་རིར་རྒྱང་ལྟ་བྱེད་ཆོག་ལ། ལྷ་སའི་སྐྱིད་ཆུ་དང་སྐྱེ་ཁམས་ལྷོ་རིའི་སྤྱི་གླིང་གི་མཛེས་པར་ཡང་མྱོང་རོལ་བྱེད་ཆོག་པས། རང་བྱུང་དང་མི་ཆོས་རིག་གནས་མཉམ་འདྲེས་ཟབ་མོ་བྱུང་ཡོད། ལེ་ལག་ཚང་བའི་ཞབས་ཞུའི་ཐད། འགྲེམས་ཁང་དེའི་རིག་རྫས་དཔེ་ཁང་དང་བོད་ཀྱི་ས་གནས་དེ་གའི་ཀོག་ཧྥེ་ཁང་གི་སྤུས་རྟགས་ཀྱིས་མཉམ་དུ“རིག་གནས་དང་སྤྲོ་གསེང”ཟུང་འབྲེལ་གྱི་རྣམ་པ་བཏོད་ཅིང་། རིག་རྫས་དཔེ་ཁང་གིས་ལྷིང་འཇགས་ཀྱི་ལྟ་ཀློག་ཁོར་ཡུག་མཁོ་འདོན་དང་ཀོག་ཧྥེ་ཁང་གིས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་འཐུང་བྱ་དང་ཟས་རིགས་བཟོས་ནས་ཡུལ་སྐོར་བ་དེར་སྡོད་པའི་དུས་ཚོད་རིང་དུ་བཏང་བ་དང་ཆབས་ཅིག ཞབས་ཞུའི་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་སྟེ་དགོས་མཁོ་སྣ་ཚོགས་སྐོང་གི་ཡོད།