གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་25ཉིན། 09:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ལིན་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཅ་ཅུན་གྱིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཟླ་6ཚེས་19ནས་22ཉིན་བར་འཇར་མན་ལ་འཚམས་འདྲི་གནང་བ་རེད། དེའི་རིང་ཡོན་ཅ་ཅུན་གྱིས་འཇར་མན་གྱི་ཙུང་ལིའི་ལས་ཤག་པུའི་པུའུ་ཀྲང་ཧྥུའུ་ལེ་དང་། སྤྱི་ཚོགས་དམངས་གཙོ་ཏང་གི་མཉམ་འབྲེལ་ཀྲུའུ་ཞི་ཨའེ་སི་ཁེན། ཡེ་ཤུའེ་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་དང་པེ་ཝེ་ཀྲོའུ་ཡི་ཀྲོའུ་ཀྲང་ཡུས་སི་ཐེ་བཅས་དང་ཐུག་འཕྲད་གནང་ལ། ཀྲུང་གོ(ཁྲུང་ཆིང)དང་འཇར་མན་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་མོལ་ཚོགས་འདུ་དང་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་སྐམ་མཚོའི་བགྲོད་ལམ་གསར་པ“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མྱུར་སྐྱོད་དུས་གཏན་མེ་འཁོར”གཏོང་འགོ་ཚུགས་པའི་མཛད་སྒོ་སོགས་ལ་ཞུགས་པ་རེད།
ཡོན་ཅ་ཅུན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མོ་ཚིའི་དབར་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ནས། ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཀྲུང་འཇར་དང་ཀྲུང་ཡོའི་དབར་གྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་མན་གྱི་སྲིད་ཏང་ཁག་དང་སྤེལ་རེས་འབྲེལ་གཏུག་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལ་གོ་བ་གནད་འཁེལ་བླངས་ཏེ། ཏང་དབར་གྱི་འགྲོ་འོང་གི་ཕན་འབྲས་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཁྲུང་ཆིང་གིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས་འཇར་མན་ཕྱོགས་དང་ཚན་རྩལ་གསར་གཏོད་དང་། དཔལ་འབྱོར་ཚོང་དོན་ཟོག་འགྲེམས། ལྗང་མདོག་ཐཱན་ཉུང་། ཐོན་ལས་མཉམ་ལས་བཅས་རྒྱ་སྐྱེད་བཏང་སྟེ། ཀྲུང་གོ་དང་འཇར་མན་གྱི་མཛའ་གྲོགས་གཉིས་ཕན་མཉམ་ལས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།