གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་16ཉིན། 10:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སི་ཡོན།
མོ་རི་ཐ་ནི་ཡའི་ནུབ་རྒྱུད་ཀྱི་ཐེ་ལཱ་ཀྲ་ཁུལ་པེར·པར་གཱ་གྲོང་ཚོའི་བྱེ་སའི་རྣང་མའི་ས་ཤུར་དུ་ཐིགས་ཆུ་གཏོང་བའི་མདོང་ལམ་སྟར་པ་མང་པོ་ཁྲིད་ཡོད་པས། ཤིང་ཏོག་དང་སྔོ་ཚལ་གྱི་མྱུ་གུ་མང་པོ་འབུས་འདུག དེའི་ཉེ་འགྲམ་གྱི་ཉི་ནུས་ཤེལ་ལེབ་ཀྱིས་འོད་ནུས་རྒྱུན་ཆད་མེད་པར་གློག་ཤུགས་སུ་བསྒྱུར་པ་དེས་ཆུ་འཐེན་འཕྲུལ་འཁོར་སྐུལ་ནས་ས་འོག་གི་ཆུ་ཞིང་ཁར་འདྲེན་བཞིན་འདུག རྒྱང་ནས་བལྟས་ཚེ། སྔོན་ཆད་རྩྭ་རྩི་ཤིང་རྐང་གཅིག་ཀྱང་མི་སྐྱེ་བའི་མྱ་ངམ་ཐང་དེ་ད་ཆ་སྔོ་ཐིང་ཐིང་ཆགས་ནས་བྱེ་ཐང་སྔོ་ལྗང་གླིང་དུ་གྱུར་པའི་རི་མོ་ལྟ་ན་སྡུག་པ་ཞིག་གྲུབ་བཞིན་ཡོད་པ་རེད།
“འདི་ནི་དུས་ཐུང་གི་མཛེས་ལྗོངས་ལས་གྲྭ་ཞིག་མིན་པར་དངོས་འབྲེལ་རྒྱུན་མཐུད་ཆོག་པའི་ལྗང་མདོག་ཕྱོགས་སྒྱུར་ཞིག་རེད”ཅེས་ཀྲུང་ཧྥེའི་ལྗང་མདོག་ལག་རྩལ་སྤྱི་གླིང་མོ་རི་ཐ་ནི་ཡའི་དཔེ་སྟོན་རྣམ་གྲངས་ཀྱི་མོ་རི་ཐ་ནི་ཡ་ཕྱོགས་ཀྱི་མཐུན་སྦྱོར་བ་ཐུའུ་ལཱ་ཏེ·མའེ་ཏུའུ་ཡིས་ཚོད་ལྟའི་ཞིང་ནང་དུ་སྐྱེས་པའི་ཆེ་ཙེ་ལ་ལག་པས་རེག་བཞིན་སྤོབས་པ་ཆེན་པོས་བཤད། མའེ་ཏུའུ་ཡིས་དེ་སྔ་ཀྲུང་གོ་ཧུའུ་ནན་སློབ་ཆེན་དུ་སློབ་སྦྱོང་བྱས་ནས་རབ་འབྱམས་པའི་སློབ་གནས་བླངས་ཡོད་ལ། ད་ཆ་མོ་རི་ཐ་ནི་ཡའི་ཁོར་ཡུག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་པུའུ་ཡི་དཔོན་རིགས་བྱས་ནས་ཧྥེ་ཀྲུང་ལྗང་མདོག་ལག་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་འགན་འཁུར་བཞིན་ཡོད་པ་རེད།
དཔེ་སྟོན་རྣམ་གྲངས་འདི་ནི་ཀྲུང་མོ་ཕྱོགས་གཉིས་པོས་ཐུན་མོང་ཐོག་ལག་ལེན་བསྟར་གྱི་ཡོད། ཀྲུང་གོ་ཚན་རིག་ཁང་ཤིན་ཅང་སྐྱེ་ཁམས་དང་ས་ཁམས་ཞིབ་འཇུག་སུའོ་ཡིས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་རྗེས་མཐུད་ལག་རྩལ་ཐད་རྒྱབ་སྐྱོར་བྱེད་ཀྱི་ཡོད། གླིང་ཁུལ་དེ་ནི་2024ལོའི་ཟླ་བ་བདུན་པར་བཙུགས་ཤིང་། ས་བཟུང་རྒྱ་ཁྱོན་སྤྱི་ཆིང་4ཟིན་པ་དང་གཙོ་བོ་བྱེ་འགོག་ཁུལ་དང་། དཔལ་འབྱོར་འབྲས་ཤིང་ཁུལ། བྱེ་ས་སྔོ་ཚལ་འདེབས་འཛུགས་ཁུལ། གཟན་རྩྭ་འདེབས་འཛུགས་ཁུལ། ཁྱིམ་བྱ་གསོ་སྤེལ་ཁུལ་བཅས་ཡོད་པ་རེད། པེར·པར་གཱ་གྲོང་ཚོ་ནི་རྒྱལ་ས་ནོ་ཝ་ཁ་ཆོ་ཐེ་ཤར་ངོས་ཀྱི་སྤྱི་ལེ་70ཙམ་གྱི་སར་ཡོད་པའི་བྱེ་ཐང་གི་མཐའ་རུ་ཆགས་ཡོད། “དང་ཐོག་ང་ཚོས་གནས་ཡུལ་འདེམས་སྐབས་རྒྱལ་ས་དང་བར་ཐག་ཉེ་བས་ལག་རྩལ་འགྲེམས་སྟོན་དང་རྗེས་མཐུད་གསོ་སྦྱོང་བྱེད་བདེ་པོ་འདུག་བསམ་བྱུང” “ང་ཚོས་ད་ཡོད་ཀྱི་རང་བྱུང་ཆ་རྐྱེན་འོག་འཚམ་མཐུན་རང་བཞིན་ཆེ་ལ་ལད་མོའི་ཁྱབ་གདལ་གཏོང་ཆོག་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་སྔོན་ཆད་མོ་རི་ཐ་ནི་ཡར་དངོས་སུ་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མྱོང་པའི་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་ཀྲུང་གོ་ཚན་རིག་ཁང་ཤིན་ཅང་སྐྱེ་ཁམས་དང་ས་ཁམས་ཞིབ་འཇུག་སུའོ་བྱེ་ཐང་ཞིབ་འཇུག་ཚོགས་པའི་ཚོགས་མི་ཀྲོའུ་ནཱ་ཡིས་ངོ་སྤྲོད་བྱས་པ་རེད།
མའེ་ཏུའུ་ཡིས་རྒྱང་རིང་གི་བྱེ་འབུར་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར“སྔོན་ཆད་འདི་ག་ཧ་ལམ་བྱེ་མས་མནན་ནས་ཅི་ཡང་སྐྱེ་གི་མེད”ཅེས་བཤད། ཡིན་ན་ཡང་ད་ཆ་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་པའི་གཞོགས་འདེགས་འོག རིག་ནུས་ཆུ་འདྲེན་དང་། འོད་ཤུགས་ཆུ་འཐེན། བྱེ་ས་འདེབས་འཛུགས། ས་རྒྱུ་ལེགས་བཅོས་སོགས་བྱེ་བཅོས་ཐད་ཀྱི་ཀྲུང་གོའི་ལེ་ལག་ཚང་སྒྲིག་གི་ཚན་རྩལ་ཡག་པོར་བརྟེན་ནས་བྱེ་ཐང་རིམ་བཞིན་ལྗང་མདོག་གིས་ཁེབས་བཞིན་ཡོད། ཀྲོའུ་ནཱ་ཡིས། ལག་རྩལ་འདི་དག་ཀྲུང་གོའི་ཤིན་ཅང་གི་བྱེ་ཐང་བཅོས་སྒྲིག་ཁྲོད་བེད་སྤྱོད་རྒྱ་ཁྱབ་བཏང་ཡོད། འཚམ་མཐུན་རང་བཞིན་ཆེ་རུ་བཏང་རྗེས“གླིང་སྒྲོལ་སྤོ་འཛུགས”བྱས་པར་མིག་སྔར་ཨ་ཧྥེ་རི་ཁའི་ནུབ་རྒྱུད་དུ་གྲུབ་འབྲས་རགས་ཙམ་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་འདིའི་ལ་སེར་དང་། མངར་ཚལ། སྲན་ལྗང་སོགས་ལོ་ཏོག་ཚོད་འདེབས་ལས་དོན་ལེགས་གྲུབ་བྱུང་ནས་ཁག་གཅིག་བསྐྱར་འདེབས་བྱས་ཏེ་སྐྱེ་ཁམས་མ་ལག་གཞི་རྩའི་ཆ་ནས་འཁོར་རྒྱུག་བཟང་པོ་ཐུབ་ཡོད་པ་རེད།
ཀྲུང་ཧྥེའི་ལྗང་མདོག་ལག་རྩལ་སྤྱི་གླིང་ནི་ཀྲུང་གོས་ཨ་ཧྥེ་རི་ཁའི“ལྗང་མདོག་ལྕགས་རི་རིང་པོའི”འཆར་གཞིར་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་ལས་གྲྭ་གལ་ཆེན་ཞིག་རེད། སཱ་ཧཱ་ལཱའི་བྱེ་ཐང་ལྷོ་ཕྱོགས་སུ་མི་མཆེད་པར་བྱ་ཆེད། མོ་རི་ཐ་ནི་ཡ་ཚུད་པའི་སཱ་ཧཱ་ལཱའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་11གིས་ཨ་ཧྥེ་རི་ཁའི“ལྗང་མདོག་ལྕགས་རི་རིང་པོའི”འཆར་གཞི་བཟོས་པ་སྟེ། ཞེང་ཚད་ལ་སྤྱི་ལེ་15དང་རིང་ཚད་ལ་སྤྱི་ལེ་7000ལྷག་ཙམ་ཡོད་པའི་ནགས་ཚལ་འགོག་སྲུང་ཁུལ་ཞིག་བསྐྲུན་རྒྱུ་ཡིན་པ་རེད། འཆར་གཞི་དེའི་ཀྲུའུ་ཞིའི་རྒྱལ་ཁབ་མོ་རི་ཐ་ནི་ཡའི་རྒྱལ་ས་ནོ་ཝ་ཁ་ཆོ་ཐེ་རུ་ཨ་ཧྥེ་རི་ཁར་ཁྱབ་པའི“ལྗང་མདོག་ལྕགས་རི་རིང་པོའི”དྲུང་ཡིག་ཁྲུའུ་བཙུགས་ནས་མཐུན་སྦྱོར་གྱི་ལས་འགན་འཁུར་གྱི་ཡོད་པ་རེད།
“ཧྥེ་ཀྲུང་གི་སྐྱེ་ཁམས་མཉམ་ལས་ལ་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་པ་དང་། མོ་རི་ཐ་ནི་ཡར་མཉམ་ལས་ཀྱི་འགོ་འཛུགས་སའི་གྲས་ཤིག་ཏུ་འགྱུར་བའི་ཆ་རྐྱེན་རྦད་དེ་འཛོམས་ཡོད” མའེ་ཏུའུ་ཡིས“དཔེ་སྟོན་རྣམ་གྲངས་ལ་ལོ་གཅིག་ཀྱང་མ་འགོར་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ་ལས་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཉམས་མྱོང་གིས་ཨ་ཧྥེ་རི་ཁའི་ཐན་ཁུལ་ལ་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་པ་གསལ་བཤད་ཐུབ་ཀྱི་ཡོད”ཅེས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནོ་ཝ་ཁ་ཆོ་ཐེ་ནས་འབྱོར་བའི་གློག་འཕྲིན)