གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་06ཉིན། 15:20】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་4ཉིན། ཨ་རིའི་ཕོ་བྲང་དཀར་པོས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ཤིག་ལ་གཞིགས་ན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་རྒྱལ་ཁབ་12ཀྱི་རྒྱལ་དམངས་གནས་སྤོས་ཡུལ་མི་དང་གནས་སྤོས་ཡུལ་མི་མིན་པའི་ཐོབ་ཐང་ཐོག་ནས་ཨ་རིར་ཡོང་རིགས་གནས་སྐབས་ཕྱོགས་ཡོངས་ནས་མཚམས་འཇོག་བྱས། རྒྱལ་ཁབ་དེ་དག་ནི་ཨ་ཧྥུ་ཀ་ནི་སི་ཐན་དང་། འབར་མ། ཆ་ཏེ། ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ། ཐིག་དམར་ཀུའེ་ན་ཡ། ཨེ་ལི་ཐི་ལི་ཡ། ཧེ་ཐི། དབྱི་རན། ལི་པི་ཡ། སོ་མ་ལི། སུའུ་ཏན། ཡེ་མེན་བཅས་རེད།
གཞན་ཡང་། ཐེ་རོན་ཕུ་ཡིས་རྒྱལ་ཁབ་གཞན་པ་བདུན་གྱི་རྒྱལ་དམངས་ལ་རྒྱལ་མཚམས་སུ་འཛུལ་རྒྱུར་ཚོད་འཛིན་བྱེད་པའི་བྱ་ཐབས་ཁག་ཅིག་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས། རྒྱལ་ཁབ་བདུན་པོ་དེ་དག་ནི་པུ་རུན་ཏི། ཁུ་པ། ལའོ་སི། སི་ལ་ལི་ཨང་། ཐོ་ཀོ། ཏུར་མེན་སི་ཐན། ཝེ་ནེ་ཙུའེ་ལ་བཅས་རེད།