འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

༄༅།“ཧ་སག་སི་ཐན་ལ་བཟོ་ལས་ནུས་པ་ཆེ་རུ་གཏོང་རོགས་བྱེད་རྒྱུ་ཡིན་པ”

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 10:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཤེ་ཡ་ཧུང། མི་དམངས་དྲ་བའི་གསར་འགོད་པ། ཨེ་པུ།

    ཟླ་6ཚེས་2ཉིན། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་མཉམ་འབྲེལ་བཅར་འདྲི་ཚོགས་པ་ལི་ཧའེ་མཚོ་འགྲམ་དུ་གནས་པའི་ཧ་སག་སི་ཐན་གྱི་ནུབ་རྒྱུད་གྲོང་ཁྱེར་ཨ་ཁེ་ཐའོ་རུ་བསྐྱོད་དེ། ཀྲུང་ཧ་མ་རྩ་མཉམ་འཇོག་ཁེ་ལས་ལི་ཧའེ་སྣུམ་ནག་བཟོ་གྲྭར་བཅར་འདྲི་བྱས་པ་རེད།

    ལི་ཧའེ་སྣུམ་ནག་བཟོ་གྲྭ་ནི་ཀྲུང་ཤིན་ཚོགས་པ་དང་ཧ་སག་སི་ཐན་རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་ཀུང་སིས་མཉམ་དུ་མ་དངུལ་བཏང་ནས་བཙུགས་པ་ཞིག་ཡིན་པ་དང་། ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་ཚད་གཞི་མཐོ་བའི་འགྲོ་ལམ་སྣུམ་ནག་ཆེད་མངགས་ཐོན་སྐྱེད་བྱེད་མཁན་བཟོ་གྲྭ་འབའ་ཞིག་དེ་རེད་ལ། ཧ་སག་སི་ཐན་ལ་རང་བཙན་བྱུང་རྗེས་བསྐྲུན་པའི་རྡོ་སྣུམ་རྫས་འགྱུར་རྣམ་གྲངས་ཆེ་གྲས་དང་པོ་ཞིག་ཀྱང་ཡིན་པ་དང་2013ལོར་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། ད་ལོའི་ཟླ་5པར། བཟོ་གྲྭར་ནུས་པ་རྒྱ་སྐྱེད་དང་རིམ་སྤོར་སྒྱུར་བཀོད་ལེགས་གྲུབ་བྱུང་ནས་ལོ་རེའི་མ་བཅོས་སྣུམ་ཐག་གཅོད་བྱེད་ཚད་ལོ་རེར་ཏུན་ཁྲི་100ནས་ཏུན་ཁྲི་150བར་མཐོ་རུ་ཕྱིན་པ་དང་། ལོ་རེའི་སྣུམ་ནག་ཐོན་ཚད་ཏུན་ཁྲི་50ནས་ཏུན་ཁྲི་75བར་མཐོ་རུ་ཕྱིན་པ་དེས་ཧ་སག་སི་ཐན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཁོ་བའི་འགྲོ་ལམ་སྣུམ་ནག་གི་སྟོང་ཆ་ནུས་ལྡན་བསྐངས་ཐུབ་ཡོད། དེ་ནི་ཀྲུང་ཧའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་གཞན་ཞིག་རེད།

     སྒྱུར་བཀོད་ལེགས་གྲུབ་བྱས་མ་ཐག་པའི་བཟོ་གྲྭའི་ཁུལ་དུ་སྒྲིག་ཆས་གསར་རྐྱང་དེ་ཉི་འོད་འོག་མངོན་གསལ་ཧ་ཅང་དོད་པོ་ཡོད། ལི་ཧའེ་སྣུམ་ནག་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་པོ་ཐར་ཅཱ་ཐེ·མུའུ་ཧན་ནུའོ་ཧྥུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “སྒྱུར་བཀོད་རྣམ་གྲངས་དེ་ཀྲུང་ཤིན་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིས་སྐྲུན་འགན་ཁུར་བ་དང་ཚང་མར་ཀྲུང་གོའི་ལག་རྩལ་དང་སྒྲིག་ཆས་སྤྱད་ཡོད། རྣམ་གྲངས་སྔ་སྣུར་དུ་ལས་མཇུག་འགྲིལ་བར་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་ཧ་སག་སི་ཐན་ནུས་རྒྱུ་པུའི་གདེང་འཇོག་མཐོ་པོ་ཐོབ་ཡོད”ཅེས་བརྗོད་པ་རེད།

     བཟོ་གྲྭ་ནས་གང་ཐོས་གང་མཐོང་བྱུང་བ་ལས་ཐ་ཇིག་སི་ཐན་ཨ་ཝུའེ་སི་ཐཱ་གསར་འགྱུར་ཁང་གི་སྨྱན་སྦྱོར་ལས་དོན་གཙོ་གཉེར་ཨཱ་ཆི་ཙི་ཆུང་·མཱ་ཁེ་སུའུ་ཏུའོ་ཧྥུའུ་ལ་བག་ཆགས་ཟབ་མོ་བཞག་ཅིང་། ཁོང་གིས“བཟོ་གྲྭའི་ཐོན་སྐྱེད་ལག་རྩལ་ཧ་ཅང་སྔོན་ཐོན་ཡིན་པ་དང་། དོ་དམ་ལྷུ་ཚིགས་མང་པོ་ཞིག་ཡོངས་སུ་རང་འགུལ་ཅན་དུ་གྱུར་འདུག འདི་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཐོན་སྐྱེད་ནུས་ཤུགས་མཉམ་ལས་ཀྱི་བསྡུས་རིས་ཤིག་རེད། ཐ་ཇིག་སི་ཐན་གྱི་ས་ཁམས་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཆེ་བས་འགྲོ་ལམ་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་སྣུམ་ནག་དགོས་ཀྱི་ཡོད། དེར་བརྟེན། ངས་བཟོ་གྲྭ་དེས་ཐ་ཇིག་སི་ཐན་དང་མཉམ་ལས་ཐོན་སྐྱེད་བྱེད་པའམ་ཡང་ན་ཐ་ཇིག་སི་ཐན་ལ་སྣུམ་ནག་ཕྱིར་ཚོང་བྱེད་ཐུབ་མིན་ལ་གཙོ་གནད་ཐོག་དོ་ཁུར་བྱེད་ཀྱི་ཡོད། རང་ཉིད་ཀྱིས་གནས་ཚུལ་སྤེལ་བ་བརྒྱུད་ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་དུ་དེ་དང་འདྲ་བའི་བཟོ་གྲྭ་བསྐྲུན་རྒྱུར་སྐུལ་མ་ཐེབས་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།

      ཧ་སག་སི་ཐན་གསར་འགྱུར་ཁང་གི་གསར་འགོད་པ་ཨའོ་ལེ་ཞཱ་·ཁོར་ཙུའོ་ཝ་ཡིས“བཟོ་གྲྭ་འདིས་ཧ་སག་སི་ཐན་གྱི་བཟོ་ལས་ནུས་པ་ཆེ་རུ་གཏོང་བ་དང་དཔལ་འབྱོར་ཕྱོགས་སྒྱུར་ཡོང་བར་རོགས་རམ་བྱེད་ཐུབ་པས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་རྣམ་གྲངས་ཤིག་རེད། མ་འོངས་པར་དེང་རབས་ཅན་གྱི་རྣམ་གྲངས་དེ་འདྲ་དེ་བས་མང་བ་མཐོང་ཐུབ་པ་དང་། ལྷག་པར་དུ་ཀྲུང་གོ་དང་མཉམ་ལས་བྱེད་པའི་རྣམ་གྲངས་མཐོང་ཐུབ་པའི་རེ་བ་ཡོད། ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལས་ཧ་སག་སི་ཐན་གྱི་བཟོ་ལས་ཆུ་ཚད་མཐོ་རུ་མགྱོཌ་པོ་འགྲོ་རྒྱུར་ཕན་ཐོགས་ཡོད”ཅེས་བརྗོད་པ་རེད།