འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་5ཉིན།

༄༅།།མཐོ་རྒྱུཊ་སྐོར་གྱི་ཉེས་གསོག་འདི་དག་ལ་རྡུང་རྡེག་གཏོང་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་05ཉིན། 13:06】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྒྱལ་ཁབ་སློབ་གསོའི་གཅིག་གྱུར་རྒྱུགས་ལེན་ལས་དོན་གྱི་པུའུ་ཡི་མཉམ་འབྲེལ་ཚོགས་འདུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། 2025ལོ་ནས་བཟུང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་སློབ་གསོ་སོགས་སྡེ་ཁག་དང་མཉམ་དུ་རྒྱུགས་ལེན་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་མུ་མཐུད་རྡུང་རྡེག་ནན་མོ་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་རྒྱུགས་ལེན་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཆད་གཅོད་དྲག་པོ་བྱས་ཏེ། རྒྱ་ཆེའི་རྒྱུགས་ལེན་མཁན་ལ་བདེ་འཇགས་དང་དྲང་གཞག་གི་རྒྱུགས་ལེན་ཁོར་ཡུག་བསྐྲུན་རྒྱུ་རེད། མཐོ་རྒྱུགས་སྔོན་དུ། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཡིག་རྒྱུགས་བརྐུ་འབྲི་སྒྲིག་འཛུགས་བྱས་པའི་གྱོད་གཞི་དང་། ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ཁ་བསླུས་གྱོད་གཞི་ཁག་ཅིག་སྔ་རྗེས་སུ་མྱུལ་ཞིབ་རྩད་གཅོད་བྱས་ཡོད།

རྒྱ་ཆེའི་རྒྱུགས་ལེན་མཁན་རྣམས་ལ་དྲན་སྐུལ་བྱ་རྒྱུ་ནི། རྒྱུགས་ལེན་སྒྲིག་སྲོལ་དང་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ཏེ། ལག་ཐོགས་ཁ་པར་སོགས་གློག་རྡུལ་སྒྲིག་ཆས་གང་རུང་འཁྱེར་ནས་རྒྱུགས་རར་འཛུལ་མི་རུང་། རང་འགུལ་ངང་རྒྱུགས་རའི་བདེ་འཇགས་ཞིབ་བཤེར་ལ་གཞོགས་འདེགས་བྱས་ནས་ཁ་དན་ཚིག་གནས་ཀྱིས་རྒྱུགས་སྤྲོད་དགོས། 《རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་གྱི་སྒྲིག་འགལ་ཐག་གཅོད་བྱེད་ཐབས་》གཞིར་བཟུང་། རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་ཁྲོད་བརྐུ་འབྲི་བྱས་པའི་རྒྱུགས་ལེན་མཁན་ལ་སློབ་གསོ་སྡེ་ཁག་གིས་སྦྱངས་འབྲས་མེད་པར་བཟོ་བ་དང་། རྒྱུགས་ལེན་མཚམས་འཇོག་པ། མཐར་ཕྱིན་ཕྱིར་འགྱངས་བྱེད་པ་སོགས་ཀྱི་ཐག་གཅོད་བྱས་ཆོག

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ལྟར་ན། མཐོ་རྒྱུགས་ནང་བརྐུ་འབྲི་སྒྲིག་འཛུགས་བྱས་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་ཡང་ན་བཀག་ཉར་བྱ་རྒྱུ་མ་ཟད་ཉེས་ཆད་གཅོད་རྒྱུའམ་ཡང་ན་དངུལ་ཆད་གཅོད་རྒྱུ་རེད། གནས་ཚུལ་ཚབས་ཆེ་རིགས་ལ་དུས་བཙོན་ལོ་གསུམ་ཡན་དང་ལོ་བདུན་མན་གྱི་ཉེས་ཆད་གཅོད་རྒྱུ་མ་ཟད་དངུལ་ཆད་གཅོད་རྒྱུ། རྒྱུགས་ལེན་སློབ་མའི་ཚབ་བྱས་ནས་རྒྱུགས་ལེན་པ་དང་། བརྐུ་འབྲི་བྱེད་པའི་ཡོ་བྱད་ཕྱིར་འཚོང་དང་བཀོལ་སྤྱོད་བྱེད་པ་སོགས་ཀྱི་བྱ་སྤྱོད་དང་། རྒྱུགས་ལེན་སྒྲིག་འཛུགས་བྱས་ནས་བརྐུ་འབྲི་བྱེད་པའི་བྱས་ཉེས་དང་། རྒྱུགས་ལེན་གྱི་ཚབ་བྱས་པའི་བྱས་ཉེས། ལྐོག་ཉན་དང་ལྐོག་པར་ལེན་པའི་ཆེད་སྤྱོད་ཡོ་བྱད་ཁྲིམས་འགལ་གྱིས་ཐོན་སྐྱེད་དང་ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་པའི་བྱས་ཉེས། ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་པའི་བྱས་ཉེས། སྐུད་མེད་གློག་གི་འཕྲིན་གཏོང་དོ་དམ་སྒྲིག་ལམ་དཀྲུགས་པའི་བྱས་ཉེས་སོགས་ཀྱི་ཉེས་མིང་ཡོད་རིགས་ཀྱིས་ཉེས་དོན་འགན་འཁྲི་འཁུར་དགོས།

རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྡེ་ཁག་གིས་རྒྱུགས་ལེན་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་“བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་རྒྱུགས་ལེན་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་སྟེ། ཤེས་རྟོགས་གཅིག་བྱུང་ན། ཐག་གཅོད་གཅིག་བྱས་ནས་བཟོད་སྒོམ་གཏན་ནས་མི་བྱེད་པར། 2025ལོའི་མཐོ་རྒྱུགས་ཀྱི་བདེ་འཇགས་དང་དྲང་གཞག་འགན་སྲུང་ཏན་ཏིག་བྱ་རྒྱུ་རེད།