གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་04ཉིན། 09:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་28ནས་30ཉིན་བར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་སུན་ཧའེ་ཡན་གྱིས་ཀྲུང་གུང་འཐུས་མི་ཚོགས་པའི་སྣེ་ཁྲིད་ནས་ཨུ་རུ་སུར་བསྐྱོད་དེ་ཨེ་ཤེ་ཡའི་སྲིད་ཏང་རྒྱལ་སྤྱིའི་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཞུགས་པ་དང་འབྲེལ་གཅིག་གྱུར་ཨུ་རུ་སུའི་ཏང་གིས་གཙོ་གཉེར་བྱས་པའི་ཡོ་རོབ་དང་ཨེ་ཤེ་ཡའི་འབྲེལ་ཡོད་མཉམ་ལས་གླེང་སྟེགས་ལ་ཞུགས་པ་རེད། དེའི་རིང་གཅིག་གྱུར་ཨུ་རུ་སུའི་ཏང་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡཱ་ཁུའུ་ཧྲེ་ཧྥུའུ་དང་མཇལ་འཛོམས་གནང་བ་དང་། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨུ་རུ་སུའི་སྲིད་སྐྱོང་ཏང་དབར་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱེད་པ་སོགས་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། སུན་ཧའེ་ཡན་གྱིས་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུའི་དགོངས་དོན་ཡང་ངོ་སྤྲོད་བྱས་པ་རེད།