གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་04ཉིན། 09:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཧུའུ་ཧོ་ཧའོ་ཐེ་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་1ཉིན་གྱི་ས་སྲོད་དུ་རླངས་འཁོར་གྱི་ལྷུ་ལག་དང་། ཁྱིམ་སྤྱོད་གློག་ཆས། རྒྱུན་སྤྱོད་དངོས་ཟོག་སྣ་འཛོམས་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་ནང་སོག་ཨེར་ལན་ཧའོ་ཐེ་ལྕགས་ལམ་འགག་སྒོ་ནས་ཐོན་ཞིང་། དེ་ཐོག་ནས་ད་ལོ་ཨེར་ལན་ཧའོ་ཐེ་ལྕགས་ལམ་འགག་སྒོ་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་1500ལྷག་ཙམ་འགྲོ་འོང་བྱས་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཨེར་ལན་ཧའོ་ཐེ་འགག་སྒོ་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་བགྲོད་ལམ་དཀྱིལ་མ་དེ་ཡིན་ལ། ཀྲུང་གོ་དང་མོང་གོལ་གྱི་སྐམ་སའི་འགག་སྒོ་ཆེ་ཤོས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་ཀྲུང་ཡོའི་དུས་གཏན་མེ་འཁོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ལྕགས་ལམ་སྡེ་ཚན་གྱིས་རྒྱལ་སྤྱིའི་ཟོག་འགྲེམས་དྲ་བ་མུ་མཐུད་ཚགས་དམ་དུ་བཏང་སྟེ། དུས་ཚིགས་གཉིས་པར་ཨེར་ལན་ཧའོ་ཐེ་ལྕགས་ལམ་འགག་སྒོར་སྔ་རྗེས་སུ“ཝུའུ་ཧུའུ་ནས་མོ་སི་ཁོ་བར”དང“ལིའུ་ལི་ཧོ་གཙང་པོ་ནས་མེན་སི་ཁེ་བར”གྱི་དུས་གཏན་མེ་འཁོར་མང་དུ་བཏང་ནས་འཁོར་སྐྱོད་ལམ་ཐིག་73ཟིན་པ་དེ་དག་འཇར་མན་དང་། ཕོ་ལན། ཨུ་རུ་སུ་སོགས་རྒྱལ་ཁབ་10ལྷག་ཙམ་གྱི་ལྟེ་བའི་ས་ཚིགས་70ལྷག་ཙམ་དང་། རྒྱལ་ནང་གི་ཞིང་ཆེན་24ཡི་གྲོང་ཁྱེར་60ལྷག་ཙམ་ལ་ཁྱབ་ཡོད་པ་དང་། གཙོ་བོ་རང་རྒྱལ་ནས་ཐོན་པའི་རླངས་འཁོར་གྱི་ལྷུ་ལག་དང་། རྩེར་སོན་གྱི་འཕྲུལ་ཆས་སྒྲིག་ཆས། གློག་རྡུལ་གློག་ཆས། ཡང་བའི་འཁེལ་འཐག་ཐོན་རྫས། རྒྱུན་སྤྱོད་དངོས་རྫས་སོགས་སྣ་ཁ་ཁྲི་ལྷག་ཙམ་དབོར་འདྲེན་བྱེད་ཀྱི་ཡོད།