གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་23ཉིན། 14:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དྲོད་ཚད་རིམ་བཞིན་ཇེ་མཐོར་འགྲོ་བ་དང་བསྟུན་ནས། མི་རྣམས་ཀྱིས་དྲོད་སྙོམ་བེད་སྤྱོད་བྱེད་འགོ་བརྩམས། འོན་ཀྱང་། དུས་ཡུན་རིང་པོར་གཙང་བཀྲུ་མ་བྱས་པའི་དྲོད་སྙོམ་ལ་ནད་འབུ་ཕྲ་མོ་སྐྱེ་འཕེལ་བྱུང་སླ་བ་རེད།
ཉེ་ཆར། ཁྲེང་ཏུའུ་ཡི་གྲོང་མི་སྐུ་ཞབས་ལི་ལགས་ཀྱིས་ལོ་གཅིག་རིང་བེད་སྤྱོད་མ་བྱས་པའི་དྲོད་སྙོམ་སྒོ་ཕྱེ་རྗེས་ནད་འབུ་འགོས་ཤིང་། གཟུགས་བརྙན་བརྟག་དཔྱད་བྱས་པ་ལས་ཁོང་གི་གློ་བ་གཡོན་པ་ཕྱེད་ཀ“དཀར་པོར”གྱུར་བ་ཤེས་རྟོགས་བྱུང་ཡོད། སྟབས་ལེགས་པ་ཞིག་ལ་སྨན་བཅོས་དུས་ཐོག་ཏུ་བྱས་པས་མིག་སྔར་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་ཡོད།
ཁྲེང་ཏུའུ་ཡི་ལོ་55ལ་སླེབས་པའི་སྐུ་ཞབས་ལི་ལགས་ཀྱིས་སྔོན་འདིར་དྲོད་སྙོམ་གྱི་སྒོ་ཕྱེ་ནས་ཉིན་གསུམ་ཙམ་ནས་ཤ་གནད་ན་བ་དང་། མགོ་ན་བ། ཚ་རྒྱས་པ། གློ་ལུ་བ་སོགས་ཀྱི་ནད་རྟགས་བྱུང་ཡོད། དང་ཐོག་ཁོང་གིས་སྤྱིར་བཏང་གི་ཆམ་ནད་ཡིན་པར་བསམ་ནས་ཁྱིམ་དུ་ཆམ་ནད་ཀྱི་སྨན་ཏོག་ཙམ་འཐུང་མོད། འོན་ཀྱང་། སྨན་འཐུང་རྗེས་ལུས་དྲོད་ད་དུང་39℃ཡན་ཡིན་པས། སྐུ་ཞབས་ལི་ལགས་མྱུར་དུ་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པར་སོང་བ་རེད།
ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པའི་འགོས་ནད་ཚན་ཁག་གི་ཀྲུའུ་རེན་ཞུས་ཞའོ་མེའི་ཡིས། CTཡི་མཇུག་འབྲས་ལས་ཁོང་གི་གློ་བ་གཡོན་པ་མང་ཙམ་དཀར་པོར་གྱུར་འདུག་པ་བཤད།
ང་ཚོས་ཁོའི་འཚོ་བའི་གོམས་གཤིས་ལ་འདྲི་རྩད་ཞིབ་ཕྲ་བྱས་པ་ཡིན། ཁོས་དེ་སྔོན་དྲོད་ཚད་གློ་བུར་དུ་ཇེ་མཐོར་འགྲོ་བའི་སྐབས་སུ་དྲོད་སྙོམ་གྱི་སྒོ་ཕྱེ་བ་དང་། དྲོད་སྙོམ་དེ་ལོ་གཅིག་ལྷག་ཙམ་ལ་གཙང་འཁྲུད་བྱས་མི་འདུག ང་ཚོས་བལྟས་ན་ཁོ་ལ་དམིགས་བསལ་གྱི་འགོས་ནད་ཅིག་ཕོག་འདུག་བསམ་ནས་བརྟག་དཔྱད་བྱས་པ་ན། མཇུག་འབྲས་ལས་གློ་ཞེན་དམག་ཚོགས་སྲིན་ནད་འགོས་འདུག་པ་རྟོགས།
གློ་ཞེན་དམག་ཚོགས་སྲིན་ནད་ནི་དམག་ཚོགས་སྲིན་ནད་རིགས་ཤིག་ཡིན། ནད་དེ་འགོས་རྗེས་རྒྱུན་པར་ཉིན་2ནས་10བར་ནད་རྟགས་འབྱུང་སྲིད། དཔེར་ན། ཚ་བ་རྒྱས་པ། གློ་སྐམ་པ། དབུགས་འབྱིན་རྔུབ་དཀའ་བ། ད་དུང་མགོ་ན་བ་དང་ཤ་གནད་ན་བ། སྐྱུག་མེར་ལངས་པ། སྐྱུག་པ། ཐ་ན་འདུ་ཤེས་རབ་རིབ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་སྲིད།
སྨན་པས་དྲན་སྐུལ་བྱས་པ་ལྟར་ན། གལ་ཏེ་ནད་རྟགས་འདི་དག་བྱུང་བར་ཆམ་ནད་སྨན་དང་ཆིན་མེ་སུའུ་དང་ཐུའུ་པའོ་སོགས་སྤྱིར་བཏང་གི་དུག་སྲིན་འགོག་སྨན་ལ་ཕན་ནུས་མེད་ན། གློ་ཞེན་དམག་ཚོགས་སྲིན་ནད་ཀྱི་གློ་ཚད་ཕོག་པར་དོགས་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།