འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་16ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་འཛད་སྤྱོད་ཞུ་གཏུག་ཐེར་འདོན་གྱི་གདུབ་ཟུམ་ལམ་སྲོལ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་16ཉིན། 14:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། འཛད་སྤྱོད་ཁོར་ཡུག་ལེགས་གཏོང་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སྔར་བས་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཞུ་གཏུག་ཐེར་འདོན་གྱི་གནད་དོན་ཤེས་རྟོགས་དང་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་དང་ལེན་མྱུར་ཚད་ནུས་ལྡན་ངང་ཆེ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“12315ལས་སྟེགས་ཀྱི་ཞུ་གཏུག་ཐེར་འདོན་གྱི་གདུབ་ཟུམ་ཐག་གཅོད་ལམ་སྲོལ”གསར་གཏོད་ངང་བཟོས་ཏེ། “ཞུ་འབྱོར་འཕྲལ་སྒྲུབ་དང་། བརྒྱུད་རིམ་ཧྲིལ་པོའི་རྗེས་འདེད། འབྱུང་རྩ་བཅོས་སྐྱོང”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཐག་གཅོད་བྱེད་ཐབས་སྤྱད་དེ་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱེད་སྟངས་དེ་མཇུག་སྣེའི་དང་ལེན་ནས་འབྱུང་རྩ་སྔོན་འགོག་ཚོད་འཛིན་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། “ལམ་སྲོལ་ཆུང་ངུར”བརྟེན་ནས“དམངས་འཚོ་ཆེན་པོར”སྐུལ་སྤེལ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《ལམ་སྲོལ》གྱིས་རྒྱལ་ཡོངས་ཀྱི་12315ལས་སྟེགས་ལ་བརྟེན་ནས་འཛད་སྤྱོད་ཞུ་གཏུག་ཐེར་འདོན་གྱི་གནད་དོན་ཁྲིད་སྟོན་དུ་བྱས་ཏེ། གྲངས་གཞི་བསྡུ་རུབ་དང་། དབྱེ་ཞིབ་བརྡར་གཅོད། སྔོན་བརྡ་དྲན་སྐུལ། འབེན་གཏད་ལྟ་འདོམས། ཐག་གཅོད་ལྡོག་འདྲེན་བཅས་ཀྱི་གདུབ་ཟུམ་ལམ་སྲོལ་བཟོས་ནས་རིམ་པ་ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་གདུབ་ཟུམ་ཐག་གཅོད་གོ་རིམ་དང་། གནད་དོན་དང་ལེན་གྱི་ཐབས་ལམ། དང་ལེན་ཐག་གཅོད་བརྒྱུད་རིམ། ཆ་འཕྲིན་མཉམ་སྤྱོད་ནང་དོན་བཅས་ལེགས་སུ་བཏང་ཡོད། “འབྱོར་མ་ཐག་འཕྲལ་དུ་སྒྲུབ་པའི་འགན་འཁྲིའི་ལམ་ལུགས”ཁྱབ་སྤེལ་བཏང་སྟེ། འགན་འཁྲི་གཙོ་བོར་ལྟ་སྐུལ་སྒྲུབ་གཉེར་དང་། འགུལ་རྣམ་རྗེས་འདེད། དུས་བཀག་ནང་ཐག་གཅོད་བཅས་ཀྱི་ལས་ཀ་བྱེད་སྟངས་ཁྱབ་སྤེལ་བཏང་ཡོད། འཛད་སྤྱོད་ཞུ་གཏུག་ཐེར་འདོན་གྱི་གྲངས་གཞི་དབྱེ་ཞིབ་ལམ་ལུགས་ཚད་ལྡན་དུ་བཏང་ནས་ཁྲོམ་རའི་ལྟ་འདོམས་གནད་དོན་གྱི་ཁུངས་སྣེ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་རོགས་རམ་བྱས་ཏེ་གནད་དོན་སྐུལ་འདེད་དང་། སྡེ་ཚན་མཐུན་སྦྱོར། མ་ལག་མཉམ་འགུལ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པ་དང་། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི“འགན་འཁྲིའི་འཁོར་འབྲེལ”སྔར་བས་དམ་དུ་བཏང་བ་དང་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི“བདེ་འཇགས་སྟེམ་སྒོ”དམ་དུ་བཏང་བ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)