—— ཆབ་མདོ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་16ཉིན། 14:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་བབ་མཐོ་ཚད་སྨི་3100ཡོད་པའི་ས་ཆ་དེའི་ཐོག ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་བཟའ་བཅའ་དང་སྨན་སྤྱོད་ཤ་མོའི་ཚོད་ལྟའི་རྟེན་གཞི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་སུ་སླེབས་པ་སྟེ། ནང་འདྲེན་བྱས་ནས་འདེམས་གསོ་བྱས་པའི་ས་གནས་དེ་གའི་རླམ་རྩྭ་ཕོ་སུལ་ཁག་དང་པོ་གཞི་ཁྱོན་ཆེན་པོས་སྔོག་འཐུ་བྱེད་བཞིན་ཡོད། མུའུ་10ལྷག་ཙམ་ཡོད་པའི་དཔེ་སྟོན་ཚོད་ལྟའི་རྟེན་གཞི་དེ་ནི་ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡིས་ཉེ་བའི་ལོ་ཤས་རིང་རླམ་རྩྭ་ཕོ་སུལ་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད། གྲོང་ཁྱེར་ཡོངས་ཀྱི་དཔེ་སྟོན་ཚོད་ལྟའི་རྟེན་གཞི་ཁག་དང་པོ་ལྔའི་གྲས་ཤིག་ཡིན་པའི་དབའ་ཡོ་གྲོང་ཚོས་གྲོང་ཚོའི་མི་ཐེངས་300ལྷག་ཙམ་རླམ་རྩྭ་ཕོ་སུལ་འདེབས་འཛུགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་དང་། སྔོན་དཔག་བྱས་ན་དུད་ཚང་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་འཕར་ཡོད་པ་རེད།
“སྣང་མེད”ཀྱི་ཐོན་ཁུངས་སྤྱད་དེ“ཕན་ཡོད”ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ།
ཉེ་བའི་ལོ་ཤས་རིང་། རླམ་རྩྭ་ཕོ་སུལ་ལ་ཐུན་མོང་མ་ཡིན་པའི་བྲོ་བ་དང་ཕུན་སུམ་ཚོགས་པའི་འཚོ་བཅུད་རིན་ཐང་ལྡན་པས་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་རི་སྐྱེས་ཀྱི་རླམ་རྩྭ་ཕོ་སུལ་ཉུང་བ་དང་མི་ཐབས་འདེབས་འཛུགས་ལག་རྩལ་གྱི་ཆ་རྐྱེན་མཐོ་པོ་ཡོད་པས། ཁྲོམ་རར་ཡུན་རིང་མཁོ་སྤྲོད་བྱེད་པའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད།
“ཆབ་མདོ་གྲོང་ཁྱེར་གྱི་གནམ་གཤིས་གྲང་བའི་རྐྱེན་གྱིས་ཟླ་བཅུ་པ་ནས་སང་ལོའི་ཟླ་གསུམ་པའི་བར་ལ་ཕུག་དང་། པད་ཚལ་སོགས་གྲང་གཟོད་སྔོ་ཚལ་ལས་འདེབས་ཐུབ་ཀྱི་མེད”ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཉིའུ་ཅི་ཕིང་གིས་དྲོད་ཚད་དང་བརླན་ཚད་ཀྱི་ལྟ་ཞིབ་དཔྱད་ཆས་ལ་མཛུབ་མོ་བཙུགས་ཏེ“རླམ་རྩྭ་ཕོ་སུལ་གྲང་ངར་ཆེ་བའི་གནམ་གཤིས་ལ་འཚམ་པས། དྲོད་ཚད་ཧྲེ་ཧྲི་ཏུའུ་8ནས་15བར་ནི་སྐྱེ་འཚར་གྱི་དྲོད་ཚད་ཡག་ཤོས་ཡིན། ཆབ་མདོའི་དགུན་ཁའི་དུས་ཡུན་རིང་བས་རླམ་རྩྭ་ཕོ་སུལ་གྱི་སྐྱེ་འཚར་ལ་མཐུན་རྐྱེན་བསྐྲུན་ཡོད”ཅེས་གསལ་བཤད་བྱས།
དམིགས་བསལ་གྱི་ལེགས་ཆ་དེར་བརྟེན་ནས། ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡིས་2024ལོའི་ཟླ་4པར་དངོས་སུ་སྤྱོད་འགོ་ཚུགས་པའི་བཟའ་བཅའ་དང་སྨན་སྤྱོད་ཤ་མོ་འདེབས་གསོའི་བཟོ་གྲྭར་རླམ་རྩྭ་ཕོ་སུལ་ཚོད་འདེབས་འཛུགས་ཧུར་ཐག་བྱས་པ་རེད།
ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་དང་ཐེན་ཅིན་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གཉིས་མཉམ་འབྲེལ་བྱས་ཏེ། ས་མཐོའི་བཟའ་བཅའ་དང་སྨན་སྤྱོད་ཤ་མོའི་ཐོན་ལས་ཀྱི་དཀའ་གནད་ཐུན་མོང་ཐོག་ཁྱད་བསད་བྱས་པ་དང་ཆབས་ཅིག་ཡུན་ནན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་། སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་། ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་སོགས་ཚན་རིག་ཞིབ་འཇུག་ཚན་པ་དང་འབྲེལ་མཐུད་བྱས་ཏེ། མཐར་འདེབས་འཛུགས་ལ་འཚམ་པའི“སྣ་ཁ་དྲུག་པ”དང་། “སྣ་ཁ་བདུན་པ”“D6”“G10”སོགས་གྲང་བཟོད་སྤུས་ལེགས་ཀྱི་རླམ་རྩྭ་ཕོ་སུལ་གྱི་ས་བོན་འདེབས་གསོ་བྱས་ཡོད།
ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་ལག་རྩལ་མི་སྣ་དབྱང་ཀྲའོ་པིན་རྟག་ཏུ་དྲོད་ཁང་དུ་བསྐྱོད་ནས“ཕྱུག་འགྱུར་གྱི་ནོར་བུ”དེ་དག་ལ་གཡོག་བྱེད་ཞིབ་ཚགས་བྱེད་ཅིང་། ཁོང་གིས། གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད་རླམ་རྩྭ་ཕོ་སུལ་མུའུ་རེའི་ཐོན་འབབ་རྒྱ་མ་1200ཟིན་པ་དང་སྤུས་ལེགས་ཐོན་རྫས་80%ཡན་ལས་བརྒལ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
“ཤ་མོ་ཆུང་ཆུང”ལ་བརྟེན་ནས“ཐོན་ལས་ཆེན་པོ”འཕེལ་རྒྱས་བཏང་བ།
ལོ་གསུམ་ཙམ་གྱི་འཚོལ་ཞིབ་དང་རང་ཡུལ་ཅན་གྱི་ལེགས་བཅོས་བྱས་པ་བརྒྱུད། མཐར་ས་གནས་དེ་གའི་ཤ་མོའི་ས་བོན་དང་འཚོ་བཅུད་ཁུག་མ་ཐོན་སྐྱེད་བྱས་ཤིང་། ལོར་ལེབ་ཤ་དང་། ཤ་མངར། མོག་རོ་སོགས་ཤ་མོའི་རིགས་སྣ་ཚོགས་དང་འཚོ་བཅུད་ཁུག་མ་ཁྲི་20ལྷག་ཙམ་ཐོན་པ་མ་ཟད།“རིག་ནུས་དྲོད་ཚད་ཚོད་འཛིན་དྲོད་ཁང་དང་ཤ་མོ་ལེགས་བཅོས”ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་ཀྱང་བྱས་པ་རེད།
ལག་རྩལ་གྱི་འདེགས་སྐྱོར་ཡོད་པས། ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་འདེབས་འཛུགས་ཁྱབ་སྤེལ་ཤུགས་ཆེན་གཏོང་འགོ་བརྩམས་ཤིང་། ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་དང་། ཁ་རུབ་གྲོང་རྡལ་དབའ་ཡོ་གྲོང་ཚོ། རྔེ་གཤིས་ཤང་ཧྭ་ལ་གྲོང་ཚོ། འགུ་རུ་གྲོང་རྡལ་རྒྱ་གླིང་གྲོང་ཚོ། དམག་ཁུལ་ཡན་ལག་ཁང་ཐོན་སྐྱེད་ཚོགས་པ་སོགས་དཔེ་སྟོན་ཚོད་ལྟའི་རྟེན་གཞི་5དང་དྲོད་ཁང་100ལྷག་ཙམ་བསྐྲུན་ནས་རླམ་རྩྭ་ཕོ་སུལ་མུའུ་50ལྷག་ཙམ་འདེབས་འཛུགས་བྱས་པ་རེད།
“ཤ་མོ་དཀྱུས་མ་ཞིག་ནས་དེ་གསོལ་ལྕོག་ཐོག་སླེབས་པའི་བར་ལ་ཟུར་བསྣན་རིན་ཐང་ལྡབ་བཅུ་ཙམ་འཕར་གྱི་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་བཟའ་བཅའ་དང་སྨན་སྤྱོད་ཤ་མོའི་ཚོད་ལྟའི་རྟེན་གཞིའི་འགན་འཁུར་བ་ཝུའུ་ཅུན་དབྱིང་གིས། ཀུང་སིས་སྒོ་རྩིས་ཚོང་ཁང་དང་གསོལ་མགྲོན་ཁང་མང་པོ་དང་ཉོ་སྒྲུབ་གན་རྒྱ་བཞག་ཡོད་པ་དང་། ཕྱིས་སུ་གྲང་ཕྲེང་ཟོག་འགྲེམས་ལྟེ་གནས་དང་དྲ་ཚོང་ཐད་གཏོང་རྟེན་གཞི་བཙུགས་ཏེ“ཞིབ་འཇུག་དང་། ཐོན་སྐྱེད། ཕྱིར་ཚོང”བཅས་འཁོར་འབྲེལ་ཧྲིལ་པོ་ཞིག་སྐྲུན་རྩིས་ཡོད་ཅེས་བཤད།
“ཚོད་ལྟའི་ས་ཞིང”ནས“ཐོན་ལས་ཀྱི་མཐོ་ས”བར།
དེ་གོང་ཁ་རུབ་དང་། བྲག་གཡབ། དཔའ་ཤོད། གོ་འཇོ། འཇོ་མདའ། ལྷོ་རོང་སོགས་རྫོང་ཆུས་ཀྱིས་ཆེད་མངགས་མི་སྣ་སློབ་སྦྱོང་བྱེད་པར་མངགས་པ་མ་ཟད། རླམ་རྩྭ་ཕོ་སུལ་དུས་མིན་འདེབས་འཛུགས་ཚོད་ལྟ་བྱས་ཤིང་། ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱས་པ་མ་ཟད། ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡིས“ཞིང་འབྲོག་ལས་ཀྱི་ཚན་རྩལ་གཤམ་སྤེལ་གྱི་ཆེད་དོན་བྱ་སྤྱོད”སྤེལ་ཏེ་རླམ་རྩྭ་ཕོ་སུལ་རྣམ་གྲངས་ལ་གནས་གཏན་འཁེལ་གྱི་མཛུབ་ཁྲིད་ཀྱང་བྱས་པ་རེད། ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རིགས་གཅིག་མཁས་ཅན་མི་ཐེངས་5000ལྷག་ཙམ་མངགས་པ་དེ་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་138ལ་ཁྱབ་ནས་མང་ཚོགས་མི་ཐེངས་ཁྲི་20ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
2025ལོའི་དུས་མིན་འདེབས་འཛུགས་འཆར་གཞིར་སྐུལ་འདེད་བཏང་བ་དང་ཆབས་ཅིག ཆབ་མདོའི་རླམ་རྩྭ་ཕོ་སུལ་ལོ་ཧྲིལ་པོར་མཁོ་སྤྲོད་ཐུབ་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་དང་དེ་བཞིན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་སོགས་ཀྱི་རྩེར་སོན་ཁྲོམ་རའི་སྒོ་མོ་འབྱེད་ཐུབ་རེ་ཡོད་པ་རེད།
“རླམ་རྩྭ་ཕོ་སུལ་ནི་བཟའ་བཅའ་ཞིག་ཡིན་ལ་གྲོང་གསེབ་དར་རྒྱས་གཏོང་བའི‘གསེར་གྱི་ལྡེ་མིག’ལྟ་བུ་ཞིག་ཀྱང་ཡིན”ཞེས་ཉིའུ་ཅི་ཕིང་གིས་སླད་ཕྱིན་བཟའ་བཅའི་ཤ་མོའི་ཞིབ་འཇུག་གསར་སྤེལ་དང་ཚོད་ལྟའི་དཔེ་སྟོན་ལས་དོན་སྤེལ་བའི་རྨང་གཞིའི་ཐོག་ལྡོག་འགོག་རང་བཞིན་དེ་བས་ཆེ་བའི་སྣ་ཁ་གསར་པ་འདེབས་གསོ་དང་། བཟའ་བཅའི་ཤ་མོའི་དཔེ་སྟོན་རྟེན་གཞི་འཛུགས་པ། བཟའ་བཅའི་ཤ་མོའི་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ས་མཐོའི“རླམ་རྩྭ་ཕོ་སུལ”དེ་ཉིད་དམངས་ཕྱུག་གི་ཐོན་ལས་ཤིག་ཏུ་དངོས་སུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)
(བདེ་དབང་གིས་བསྒྱུར། པ་ཕན་གྱིས་ཞུས)