འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་16ཉིན།

༄༅།།ཚོགས་ཆེན་འདིར་ཐའེ་ཝན་ས་ཁུལ་ཞུགས་པར་མོས་མཐུན་མེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་16ཉིན། 14:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཕྱི་འབྲེལ་པུའུ་ཡིས་ཐའེ་ཝན་ས་ཁུལ་ད་ལོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་ཀྲུང་གོ་ཕྱོགས་མོས་མཐུན་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པར་བཤད།

   ཟླ་5ཚེས་15ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་ཤེས་རྟོགས་བྱས་པར་གཞིགས་ན། སྐབས་78པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཟླ་5ཚེས་19ཉིན་འགོ་འཛུགས་རྒྱུ་ཡིན་པ་དང་། ད་བར་ཐའེ་ཝན་ཕྱོགས་ལ་ཚོགས་ཞུགས་གདན་ཞུ་འབྱོར་མེད། ཀྲུང་གོའི་སྲིད་གཞུང་གིས་དེའི་ཐད་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད།

    ལིན་ཅན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱེད་སྒོ་ཚུད་པའི་ཀྲུང་གོའི་ཐའེ་ཝན་ས་ཁུལ་རྒྱལ་སྤྱིའི་རྩ་འཛུགས་ནང་ཞུགས་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཞིག་ཡིན་པ་སྟེ། ངེས་པར་དུ་ཀྲུང་གོ་གཅིག་གི་རྩ་དོན་ལྟར་ཐག་གཅོད་བྱེད་དགོས་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758པ་དང་། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་ཆོད་ཨང་25.1པའི་ནང་གཏན་འཁེལ་བྱས་པའི་རྩ་བའི་རྩ་དོན་ཞིག་ཀྱང་ཡིན། ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་ཀྲུང་དབྱང་སྲིད་གཞུང་གི་མོས་མཐུན་མ་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་འོག འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་དུ་ཞུགས་པའི་གཞི་འཛིན་ས་དང་། རྒྱུ་མཚན་ནམ་ཁེ་དབང་གང་ཡང་མེད། ཐའེ་ཝན་དམངས་གཙོ་ཡར་སྐུལ་ཏང་དབང་འཛིན་ལས་ཁུངས་ཀྱིས“ཐའེ་ཝན་རང་བཙན་”ཁ་བྲལ་ལངས་ཕྱོགས་ཨུ་ཚུགས་ངང་མཐའ་འཁྱོངས་བྱས་པས། ཐའེ་ཝན་ས་ཁུལ་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་པའི་ཆབ་སྲིད་རྨང་གཞི་མེད་པར་གྱུར། ཀྲུང་གོ་གཅིག་གི་རྩ་དོན་སྲུང་སྐྱོང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་ས་ཁུལ་འདི་ལོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་དུ་ཞུགས་རྒྱུར་མོས་མཐུན་མི་བྱེད་པའི་ཐག་བཅད་པ་རེད།

    ལིན་ཅན་གྱིས་བསྟན་དོན། དུས་ཡུན་ངེས་ཅན་ཞིག་རིང་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་དང་རྒྱལ་ཁབ་ཁ་ཤས་ཀྱིས་མངོན་སུམ་འཛེམ་མེད་ངང་ལོ་རྒྱུས་ཀྱི་འགྲོ་ཕྱོགས་དང་ལྡོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758པར་བསམ་ངན་སྒོས་འཁྱོག་བཤད་བྱས་ནས་འགྲན་སློང་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་ལ་འགྲན་སློང་བྱེད་རྩིས་བྱས་ཡོད། དེ་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་འགྲན་སློང་བྱེད་པ་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་དྲང་བདེན་དང་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ལ་འགྲན་སློང་བྱེད་པ་དང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་སློང་བྱེད་པ་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་ས་ཁུལ་འདི་ལོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་མོས་མཐུན་མི་བྱེད་པའི་གཏན་འབེབས་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ཡོད། དེའི་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་ནི་མི་སེམས་ཀྱི་ཁ་ཕྱོགས་དང་། དུས་བབ་ཀྱི་འགྲོ་ཕྱོགས། བདེན་དོན་ཆེན་པོ་གནས་ས་བཅས་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་གནས་སྟངས་ལ་འགྲན་སློང་བྱེད་མི་རུང་བ་དང་གཡོ་འགུལ་བྱེད་མི་རུང་བ་གསལ་བཤད་གང་ལེགས་བྱུང་ཡོད། དམངས་གཙོ་ཡར་སྐུལ་ཏང་དབང་འཛིན་ལས་ཁུངས་ཀྱིས་ཅི་ཞིག་བཤད་པ་དང་ཅི་ཞིག་བསྒྲུབས་ཀྱང་ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ་ལ། ཀྲུང་གོ་གཅིག་གྱུར་ཡོང་ངེས་ཡིན་ལ། མཐར་གཅིག་གྱུར་ཡོང་ངེས་ཡིན་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་བཀག་འགོག་བྱེད་མི་ཐུབ། “ཐའེ་ཝན་རང་བཙན་”ནི་འཆི་ལམ་ཅིག་ཡིན་པས། “རང་བཙན་”འཚོལ་ཞིབ་བྱེད་པའི་འཁྲུག་སློང་ལ་ཕམ་ཁ་ཡོང་ངེས་རེད།