གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ལ་དམིགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་16ཉིན། 09:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་13ཉིན། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འཕྲལ་སྡོམ་དོ་དམ་པུའུ་དང་མཉམ་འབྲེལ་བྱས་ཏེ། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་གལ་ཆེན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཉེ་དུས་བཀྲམ་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་ལྔར་གསལ་འགྲེལ་བྱས་པ་རེད།
《མེ་སྐྱོན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་བརྡར་གཅོད་སྒྲིག་སྲོལ》གྱི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ནང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་རིམ་པ་དབྱེ་ནས་བརྡར་གཅོད་བྱེད་པའི་མ་ལག་བཙུགས་ཏེ། ཚད་འབེབས་སྟོན་རྟགས་དང་འགུལ་རྣམ་དཔྱད་དཔོག་དཔེ་དབྱིབས་བརྒྱུད་མངོན་མེད་རྐྱེན་ངན་སྔ་ཙམ་དབྱེ་འབྱེད་དང་སྔ་ཙམ་སྔོན་བརྡ་གཏོང་ཐུབ་པ་བྱས་ནས། མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུ་ཡིན་པ་བསྟན་ཡོད།
《ཉེན་ཆེའི་རྫས་འགྱུར་དངོས་རྫས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་གྱི་ཀུན་སྤྱོད་ཚད་གཞིའི》བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ནང་ཐོན་སྐྱེད་དང་། གསོག་འཇོག གཉེར་སྐྱོང་བཅས་ལ་ཁྱབ་པའི་ཚད་ལྡན་ཅན་གྱི་དོ་དམ་མ་ལག་བརྒྱུད་རིམ་ལྡན་པའི་སྒོ་ནས་བཙུགས་ཏེ། ཁེ་ལས་ཀྱི་བདེ་འཇགས་དོ་དམ་དེ“གཞན་དབང་གིས་བཅོས་སྒྲིག”ནས“རང་འགུལ་གྱིས་འགོག་ཟོན”དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན་ཡོད།
《འཕྲལ་སྡོམ་ཉེན་གཡོལ་ཁུལ་གྱི་ཀུན་སྤྱོད་ལག་རྩལ་བླང་བྱ》དང་། 《འཕྲལ་སྡོམ་ཉེན་གཡོལ་ཁུལ་གྱི་བདག་སྐྱོང་བེད་སྤྱོད་ཚད་གཞི》 《གྲོང་གསེབ་ཀྱི་འཕྲལ་སྡོམ་ཉེན་གཡོལ་ཁུལ་གྱི་ཇུས་འགོད་ཚད་གཞི》བཅས་འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་གསུམ་ནང་ཉེན་གཡོལ་ཁུལ་འཆར་འགོད་དང་། ཇུས་འགོད། བདག་སྐྱོང་། བེད་སྤྱོད་སོགས་འཁོར་རྒྱུག་ཡོངས་ཀྱི་ལག་རྩལ་བླང་བྱ་ཚད་ལྡན་དུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་འཕྲལ་སྡོམ་ཉེན་གཡོལ་ནུས་པ་དང་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་རྒྱུ་མ་ཟད། གནོད་འཚེ་ཐོན་སྐབས་མི་དམངས་མང་ཚོགས་ལ“གཡོལ་ས་ཡོད་པ་དང་སྒྲིག་སྲོལ་ཡོད་པ”འགན་ལེན་བྱེད་རྒྱུ་ཡིན་པ་བསྟན་ཡོད།