འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་16ཉིན།

ཀྲུང་དབྱང་རིམ་ངོས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚན་ཁག་དང་ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་གིས།

༄༅།།ལི་ཤན་ལིན་དང་ཡེ་ཅིན་ཀོང་སོགས་ཀྱིས་སྒྲིག་འགལ་ཟ་འཐུང་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་
བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་16ཉིན། 09:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་རིམ་ངོས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚན་ཁག་དང་ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་གིས་ཧོ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་དང་ལུའོ་ཧྲན་རྫོང་གི་ལས་བྱེད་པ་10ཡིས་སློབ་སྦྱོང་སློབ་གསོའི་རིང་སྒྲིག་འགལ་ངང་ཟ་འཐུང་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད།

    ཞིབ་བཤེར་བྱས་པ་བརྒྱུད། ཟླ་3ཚེས་21ཉིན། ཧོ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་ལུའོ་ཧྲན་རྫོང་ཨུད་དང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྔ་རྗེས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ལུའོ་ཧྲན་རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཤན་ལིན་ཚོགས་འདུ་དེ་གཉིས་ལ་ཞུགས་པ་རེད། ཟླ་3ཚེས་22ཉིན་གྱི་ཉིན་གུང་། ལི་ཤན་ལིན་གྱིས་གཞུང་དོན་དྲང་གཞག་ངང་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་ཞིག་བཤམས་ནས། ཤིན་དབྱང་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཡེ་ཅིན་ཀོང་དང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་བཅའ་སྡོད་གྲོང་ཁྱེར་སྒྲིག་ཨུད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་རིམ་པ་གསུམ་པའི་བརྟག་ཞིབ་པ་ལིན་ཀྲི་ཡིའུ། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་ལྟ་བཤེར་སྒྲུབ་སྐུལ་ཁོའོ་ཡི་རིམ་པ་བཞི་པའི་བརྟག་ཞིབ་པ་པའོ་ཆན་དང་དུས་བདེ་འཛུགས་གཏོད་ཁོའོ་ཡི་ཁོའོ་ཀྲང་ཀྲང་ཡུས། ལུའོ་ཧྲན་རྫོང་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཏོན་ཝུའེ་ཝུའེ། ལུའོ་ཧྲན་རྫོང་སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ཨུ་ཡོན་ཝང་ཧའེ་དབྱང་བཅས་ཤིན་དབྱང་གྲོང་ཁུལ་གྱི་ཟ་ཁང་ག་གེ་མོ་ཞིག་ཏུ་འཛོམས་ནས་ཟ་འཐུང་བྱེད་པར་ལུའོ་ཧྲན་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཧོང་ཅཱ་ཁྲེང་དང་། ཧྥང་ཅན་པིན། ཤཱ་ཡུས་བཅས་ཞུགས། ལི་ཤན་ལིན་དང་། ལིན་ཀྲི་ཡིའུ། ཏོན་ཝུའེ་ཝུའེ། ཝང་ཧའེ་དབྱང་། ཤཱ་ཡུས་བཅས་མི་ལྔ་ཡིས་ཁྱོན་ཨ་རག་དཀར་པོ་ཤེལ་དམ་4བཏུངས་པ་དང་ཁོང་ཚོའི་ཁྲོད་ཀྱི་མི་གཅིག་ཆང་བཏུངས་རྗེས་ཉིན་དེའི་ཕྱི་དྲོར་གྲོངས་པ་རེད། དེ་རྗེས་ལུའོ་ཧྲན་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་དེ་དོན་རྫོང་ཨུད་ལ་སྙན་སེང་ཞུས་ཀྱང་གྲོངས་མཁན་གྱིས་ཆང་བཏུངས་པའི་གནས་ཚུལ་གསང་པ་དང་། རྫོང་ཨུད་ཀྱི་ཧྲུའུ་ཅི་ཡུས་གོ་ཧྥང་གིས་གནས་ཚུལ་དེ་དོན་དངོས་དང་མི་མཐུན་པ་གསལ་པོར་ཤེས་ཀྱང་གོང་རིམ་ཏང་རྩ་འཛུགས་ལ་སྙན་སེང་མ་ཞུས་པ་རེད། སྒྲིག་འགལ་ངང་ཆང་བཏུངས་ནས་མི་གཅིག་གྲོངས་པའི་དོན་དངོས་སྦ་གསང་བྱ་ཆེད། ལི་ཤན་ལིན་སོགས་མི་5ཡིས་དངུལ་བསྡུས་ནས་འདས་པོའི་ནང་མིར་ཁ་གསབ་བྱས་པ་དང་། ལི་ཤན་ལིན་དང་ཏོན་ཝུའེ་ཝུའེ་ཡིས་སྤྲད་པའི་དངུལ་ཁག་ཅིག་ནི་ལས་སྒོའི་འབྲེལ་བ་ཡོད་པའི་མིའི་ས་ནས་གཡར་ཡོད་པ་རེད།

    སྒྲིག་འགལ་ངང་ཟ་འཐུང་བྱས་པའི་གནད་དོན་འདི་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རིང་ཐོན་པ་ཞིག་ཡིན་པས། དཔེ་མཚོན་གྱི་ཁྲིམས་མེད་ལུགས་མེད་དང་ཡ་མེད་སྒྲིག་འགལ་ཞིག་དང་། ངོ་བོ་ཧ་ཅང་ཚབས་ཆེ་ལ་ཤུགས་རྐྱེན་ཧ་ཅང་ངན་པས་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས། གནད་དོན་ཐོན་རྗེས། ཧོ་ནན་ཞིང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་། ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་རིམ་སྤར་སྒྲུབ་གཉེར་བྱས་ཏེ་འབྲེལ་ཡོད་འགན་འཁུར་མི་སྣ་ཐག་གཅོད་བྱས་པ་གཤམ་གསལ་ལྟར། མ་གཞི་ལི་ཤན་ལིན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་པ་དང་སྲིད་དོན་གོ་གནས་ཕབ་དགོས་ཀྱང་། ཁོ་པར་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཡོད་པའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་བས། ཁོ་པར་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་ཞིབ་བྱ་རྒྱུ་དང་འབྲེལ་ཉར་འཇོག་བྱ་ཐབས་སྤྱད་དེ་མཉམ་དུ་ཐག་གཅོད་བྱ་རྒྱུའི་ཐག་བཅད། ཡེ་ཅིན་ཀོང་ལ་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཉིས་དང་སྲིད་དོན་གོ་གནས་འབེབས་པའི་ཆད་པ་བཅད་དེ་རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་ལ་ཕབ་པ། ལིན་ཀྲི་ཡིའུ་ལ་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་དང་སྲིད་དོན་གོ་གནས་འབེབས་པའི་ཆད་པ་བཅད་དེ་རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་ལ་ཕབ་པ་དང་འབྲེལ་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ནས་འཐེན་པ། ཏོན་ཝུའེ་ཝུའེ་ལ་ཏང་ནང་ཁུལ་གྱི་གོ་གནས་ཕྱིར་འཐེན་དང་སྲིད་དོན་གོ་གནས་འབེབས་པའི་ཆད་པ་བཅད་དེ་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་ལ་ཕབ་པ་དང་འབྲེལ་སྲིད་ཁྲིམས་ཁོངས་གཏོགས་ནས་འཐེན་པ། ཝང་ཧའེ་དབྱང་ལ་ཏང་ནང་ཐ་ཚིག་ནན་པོ་བསྒྲགས་པ་དང་འབྲེལ་སྲིད་ཁྲིམས་ཁོངས་གཏོགས་ནས་འཐེན་པ། པའོ་ཆན(ཀྲུང་གུང་ཏང་ཡོན་མིན་པ)ལ་སྲིད་དོན་ཐད་ཀྱི་སྐྱོན་ཆེན་ཐོ་འགོད་བྱས་པ། ཀྲང་ཡུས་ལ་ཏང་ནང་ཐ་ཚིག་ནན་པོ་བསྒྲགས་པ། ཧོང་ཅཱ་ཁྲེང་ལ་ཏང་ནང་ཐ་ཚིག་ནན་པོ་བསྒྲགས་པ་དང་འབྲེལ་སྲིད་ཁྲིམས་ཁོངས་གཏོགས་ནས་འཐེན་པ། ཧྥང་ཅན་པིན་ལ་ཏང་ནང་ཐ་ཚིག་ནན་པོ་བསྒྲགས་པ། ཡུས་གོ་ཧྥང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཡག་པོ་མ་འཁུར་བར་བརྟེན་ཏང་ནང་ཐ་ཚིག་ནན་པོ་བསྒྲགས་པ་རེད། ལུའོ་ཧྲན་རྫོང་གི་རྫོང་དཔོན་གཞོན་པ་དང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཁྲའོ་ཡིས་ལི་ཤན་ལིན་གྱིས་ཟ་འཐུང་ལ་སྐད་བཏང་བར་བཀག་འགོག་དང་དྲན་སྐུལ་མ་བྱས་པ་མ་ཟད། དེ་ལས་ལྡོག་སྟེ་ཝང་ཧའེ་དབྱང་མངགས་པས་ཏང་ནང་ཐ་ཚིག་བསྒྲགས་པ་རེད། ཤིན་དབྱང་གྲོང་ཨུད་དང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན། གྲོང་ཁྱེར་སྒྲིག་བཤེར་དང་ལྟ་ཞིབ་ཨུ་ལྷན། དེ་བཞིན་ལུའོ་ཧྲན་རྫོང་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཡག་པོ་མ་འཁུར་བ་དང་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་སྐབས་ནན་པོ་དང་ཏན་ཏིག་མ་བྱུང་བས། ཤིན་དབྱང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་སུང་ཐའོ་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བཀའ་རྒྱ་བཏང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཅིན་ལ་ཏང་ནང་ཐ་ཚིག་བསྒྲགས་པ། གྲོང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཅུན་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བཀའ་རྒྱ་བཏང་བ། ལུའོ་ཧྲན་རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲང་པོ་ལ་དྲན་སྐུལ་སློབ་གསོ་བཏང་བ་རེད།

     ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་ནས་ལག་བསྟར་བྱེད་པ་ནི་དུས་རབས་གསར་པར་རང་རེའི་ཏང་གིས་ཁ་དན་ཚིག་གནས་བྱེད་པའི་བྱ་སྤྱོད་ཅིག་ཡིན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ངེས་པར་དུ་ཡུན་རིང་བརྟན་སྲུང་བྱེད་དགོས་པའི་སྒྲིག་ལམ་དམ་ནན་དང་གཏན་འབེབས་ཁ་གསལ་ཞིག་རེད། ཏང་ཀྲུང་དབྱང་གིས་རྔ་གསང་ཤུགས་ཀྱིས་རྡུང་བ་དང་གསལ་བསྒྲགས་ཡང་ཡང་གནང་ཞིང་། འདི་ལོར་ཡང་ཏང་ཡོངས་སུ་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་ཡོད། དུས་བབ་འདི་འདྲའི་འོག་ལི་ཤན་ལིན་དང་ཡེ་ཅིན་ཀོང་སོགས་ཀྱིས་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོཌ་འདུར་ཞུགས་ཞོར་དུ་སྒྲིག་འགལ་གསོལ་སྟོན་བཤམས་པའམ་ཡང་ན་གསོལ་སྟོན་དང་ལེན་བྱས་ཏེ་མཇུག་འབྲས་ངན་པ་ཐོན་པར་ཆད་པ་ཕོག་པ་ནི་རང་སྡུག་རང་གིས་ཉོས་པ་ཞིག་རང་རེད། དེ་ཐོག་ནས་ལས་བྱེད་པ་ཁག་གཅིག་གི་ཆབ་སྲིད་ཀྱི་འདུ་ཤེས་ཧ་ཅང་ཞན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཏང་ཀྲུང་དབྱང་གི་ཆོད་སེམས་དང་བློ་རྩ་བརྟན་པོར་ངོས་འཛིན་ཧ་ཅང་གསལ་པོ་མེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་གུས་སྐྲག་དང་དོགས་ཟོན་གྱི་བསམ་པ་སྤུ་ཙམ་ཡང་མེད་པ་བཅས་མཚོན་གྱི་ཡོད་པས། གནད་དོན་དེ་རིགས་ངེས་པར་དུ་ཐར་པར་གཏན་ནས་མི་གཏོང་བར་གནད་དོན་ཐོན་མ་ཐག་ནས་ཐག་གཅོད་བྱེད་པ་དང་། ཞིབ་བཤེར་ནན་པོ་དང་ཐག་གཅོད་མགྱོགས་པོ་བྱེད་པ། ཡོངས་བསྒྲགས་ངང་བརྡ་ཁྱབ་གཏོང་བ་བཅས་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།