གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་15ཉིན། 10:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཏུང་ཉི·ཨར་པ་ཉི་སིར་གློག་འཕྲིན་བཏང་ནས་ཁོང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིར་མུ་མཐུད་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་གསུམ་རིང་ང་དང་སྐུ་ཞབས་ཙུང་ལི་ཞལ་འཛོམས་བྱུང་སྟེ་ཀྲུང་ཨོའི་འབྲེལ་བ་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་ཐད་མཐུན་སྦྱོར་གཏིང་ཟབ་བྱས་པ་དང་སྦྲགས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཇེ་ལེགས་སུ་དང་འཕེལ་རྒྱས་གཏོང་ཆེད་འཐབ་ཇུས་ཀྱི་ཁྲིད་སྟོན་བྱས་ཡོད། ཀྲུང་ཨོ་ཕྱོགས་གཉིས་པོས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དེས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ངས་ཙུང་ལི་ཨར་པ་ཉི་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཨོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་ཕན་བདེ་སྐྲུན་འདོད་ཡོད།
དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཨར་པ་ཉི་སིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་སྟེ། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་སྐབས་གསར་པའི་སྲིད་གཞུང་དང་མཉམ་དུ་དེ་བས་ཚགས་ཚུད་པའི་བརྟན་ལྷིང་དང་དེ་བས་གྲུབ་འབྲས་ཀྱིས་ཕྱུག་པའི་ཀྲུང་ཨོའི་ཕྱོཌ་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།