གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་13ཉིན། 14:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
དཔྱིད་འགོའི་བོད་བྱང་ཐང་ས་མཐོར་སྐབས་རེ་གྲང་ཞིང་སྐབས་རེ་དྲོ་བ་དང་ད་ལྟའི་ཆར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གསེར་རྙེད་གཞུང་ཐ་གྲོང་ཚོར་བྲེལ་འཚུབ་ཀྱིས་ཁེངས་ཤིང་། “སྤྲིན་ཚོམ་ལས་སྟེགས”དང་། “ས་འོག་དྲ་རྒྱ་བསྐྲུན་པ” “རྩ་རར་སྔོ་ལྗང་བརྒྱན་པ”བཅས་གྲོང་མི་ཚོས་གྲོང་སྡོད་ལས་དོན་རུ་ཁག་གི་མཐུན་སྦྱོར་དང་སྐུལ་འདེད་འོག དཔྱིད་ཀ་ཤར་ཚུན་གྱི“བྱ་བ་ཆེན་པོ་གསུམ”སྒྲུབ་འགོ་ཚུགས་ཡོད།
བྱ་བ་དང་པོ་ནི་དམངས་ཆེད་འཕྲིན་གཏོང་གི་དཀའ་གནད་ཐག་གཅོད་བྱེད་པ་དེ་རེད། རྟ་སྒྲོ་རང་བྱུང་གྲོང་ཚོ་དེ་ས་མཐོའི་གྲོག་རོང་ཁུལ་དུ་ཆགས་ནས་ས་དབྱིབས་ཀྱི་ཤུགས་རྐྱེན་ཕོག་སྟབས་འཕྲིན་གཏོང་བརྡ་རྟགས་ཞན་པོ་ཡོད་པས་གྲོང་མི་ཕན་ཚུན་ཁ་པར་རྒྱག་སྐབས་སྐད་ཆ་གསལ་པོ་མ་གོ་བ་དང་འཕྲིན་ཐུང་བསྐུར་དཀའ་བ་སོགས་ནི་རྒྱུན་མཐོང་གི་གནས་ཚུལ་ཞིག་རེད། དཀའ་གནད་དེ་སེལ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་ཀྲུང་གོ་སྒུལ་བདེ་ནག་ཆུའི་ཡན་ལག་ཀུང་སི་དང་འབྲེལ་བ་བྱས་ནས་ས་ཆ་འདེམས་པ་དང་བརྡ་རྟགས་སྒྲིག་སྦྱོར་གྱིས་སྒྲིག་ཆས་ལ་ཤུགས་སྣོན་བརྒྱབ་ཡོད། ལས་གྲྭ་ལས་མཇུག་འགྲིལ་བ་དང་ཆབས་ཅིག འཕྲིན་གཏོང་དྲ་རྒྱའི་བརྟན་པོའི་རང་བཞིན་ཆེ་རུ་ཤུགས་ཆེན་ཕྱིན་ཏེ་དེ་སྔའི“བརྟ་རྟགས་ཁེར་ཆགས་གླིང་ཕྲན”ལ་གྲངས་འཛིན་གྱི་འཚོ་བ་གསར་པ་བསྣན་ཡོད།
རྟ་སྒྲོ་རང་བྱུང་གྲོང་ཚོའི་གྲོང་མི་བསོད་ནམས་ཡེ་ཤེས་ཀྱིས“ང་ཚོའི་གྲོང་ཚོར་ཐེམ་དུད་ཉུང་བའི་ཐོག གྲོང་ཚོ་ཡོངས་ལུང་ཤུར་དུ་གནས་པས་སྔོན་ཆད་བརྡ་རྟགས་ཤར་གཏོང་ཐུབ་ཀྱི་མེད། སྟབས་ལེགས་པ་ཞིག་ལ་ད་ལྟ་ཁ་པར་རྒྱག་ཐུབ་པ་མ་ཟད་ལག་ཐོགས་ཁ་པར་ནས་དྲ་བར་ཞུགས་ཐུབ་པས་འཚོ་བ་ཧ་ཅང་སྟབས་བདེ་རུ་ཕྱིན་སོང”ཞེས་དགའ་སྤྲོའི་ངང་བཤད།
བྱ་བ་གཉིས་པ་ནི་དམངས་ཆེད་འགྲོ་སྐྱོད་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་དེ་རེད། ཆར་དུས་སླེབས་རིམ་བཞིན་གསེར་རྙེད་རང་བྱུང་གྲོང་ཚོའི་མ་ལམ་གཙོ་བོར་ཆུ་འཁྱིལ་ནས་འགྲོ་སྐྱོད་དཀའ་བ་མ་ཟད། སྡོད་ཁང་གི་བདེ་འཇགས་ལའང་ཉེན་ཁ་འཕྲད་ཀྱི་ཡོད། ན་ནིང་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་བཅའ་སྡོད་བྱས་རྗེས་གྲོང་ཚོའི་ཆུ་འབུད་གནད་དོན་ལ་དོ་ཁུར་ཆེན་པོ་བྱས་ཏེ་ད་ལོའི་དཔྱིད་ཀ་ཤར་མ་ཐག་ལས་འགོ་བཙུགས་ཡོད།
གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གྱིས་ཆུ་འབུད་མ་ལག་གི་རིམ་སྤོར་ལས་གྲྭ་སྤེལ་འགོ་བཙུགས་ནས་གཤོང་སའི་ལམ་དུམ་ལ་དམིགས་ཏེ་འགག་རྩའི་མཚམས་ཚིགས་སྒྱུར་བཀོད་དང་ཤུགས་ཚད་མཐོ་བའི་ཆུ་འབུད་སྦུ་གུ་བཏིང་བ་དང་ཆབས་ཅིག ངོགས་སྲུང་སྦྱར་རྩིག་གི་བརྟན་གཏོང་སྒྲིག་ཆས་ཀྱང་བསྐྲུན་ཡོད། “སྣ་འདུས་ཐབས་བཟང”དེས་དུས་ཡུན་རིང་པོར་ཆུ་འཁྱིལ་བའི་མངོན་མེད་རྐྱེན་ངན་བསལ་ནས་གྲོང་མིའི་ཕྱིར་སྐྱོད་སྟབས་བདེ་དང་སྡོད་ཁང་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།
བྱ་བ་གསུམ་པ་ནི་དམངས་ཆེད་རྩྭ་འདེབས་དཀའ་གནད་ཐག་གཅོད་བྱེད་པ་དེ་རེད། གྲོང་ཚོའི་ས་ཆ་ཞིག་ཏུ་རྩྭ་ས་ཉམས་ཞན་དུ་གྱུར་བའི་གནད་དོན་ལ་དམིགས་ཏེ་གསེར་རྙེད་གཞུང་ཐ་གྲོང་ཚོས་ལས་གྲྭའི་འཕྲུལ་འཁོར་བཏང་ནས་སྐྱེ་ཁམས་ཉམས་གསོ་བྱས་ཡོད། ཨར་སྐྲུན་རུ་ཁག་གིས་རྩྭ་ས་ཁོད་སྙོམས་ཞན་འགྱུར་བྱས་ཏེ་མཐོ་དམའ་མི་སྙོམས་པའི་ས་ཤུར་མེད་པ་བཟོས་ནས་ཚན་རིག་དང་མཐུན་པའི་ལས་སྒྲུབ་བརྒྱུད་ས་རྒྱུའི་ཁོར་ཡུག་ལེགས་སུ་བཏང་སྟེ་གོམ་སྟབས་རྗེས་མའི་རྩྭ་འདེབས་སྐྱེ་འཚར་ལ་མཐུན་རྐྱེན་བསྐྲུན་ཡོད།
གསེར་རྙེད་གཞུང་ཐ་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ལག་བསྟར་བྱས་ཡོད། “གྲོང་སྡོད་ལས་དོན་ནི་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད” གསེར་རྙེད་གཞུང་ཐ་གྲོང་ཚོའི་ལས་དོན་རུ་ཁག་གི་རུ་མི་འཕགས་རྒོད་ཀྱིས་མང་ཚོགས་ཀྱི་ངོ་གདོང་ནས་འཕྱུར་བའི་འཛུམ་མདངས་ནི་ལན་ཡག་ཤོས་དེ་རེད་ཅེས་བཤད།
འཕྲིན་གཏོང་གི་དཀའ་གནད་བསལ་བ་དང་། བདེ་སྡོད་ཀྱི་མཐའ་ཚད་བསྲུངས་པ། སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་རུ་བཏང་བ་བཅས་གསེར་རྙེད་གཞུང་ཐ་གྲོང་ཚོས་ད་ལོའི་དཔྱིད་ཀ་ཤར་ཚུན་བྱ་བ་ཆེན་པོ་གསུམ་བསྒྲུབས་པ་ལས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)
(བསྟན་བཟང་གིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)