གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་12ཉིན། 13:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།
“འདི་གར་གྲོང་ཁྱེར་ལྟ་བུའི་འདུ་འཛིན་ཆེན་པོ་མེད་ཀྱང་དམངས་འཚོའི་དགོས་མཁོ་ནི་ཆེས་གསོན་ཉམས་ལྡན་པའི་གནད་དོན་གལ་ཆེན་ཞིག་ཡིན། འདི་གར་ཁྱེད་ཚོས་ཤེས་རིག་སྤྱད་དེ་དཀའ་གནད་བསལ་ནས་གཞོན་རབས་ཀྱི་ལང་ཚོའི་ལེའུ་གསར་རྩོམ་པར་ཡོང་རྒྱུའི་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུ་རྒྱུ་ཡིན”མི་རིང་བའི་གོང་ཀྲེང་ཀྲོའུ་སློབ་ཆེན་གྱི་2024ལོའི་རབ་འབྱམས་སློབ་ཐོན་སློབ་མ་ཅའོ་ཀྲི་ཕེང་གིས་མ་ཡུམ་སློབ་གྲྭའི་དགེ་སློབ་ལ་ཆ་འཕྲིན་ཞིག་བསྐུར་ནས་ས་བབ་སྨི་4300ཡོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་ཤང་དུ་ལས་དོན་སྒྲུབ་པའི་ཉམས་མྱོང་བརྗོད་པ་དང་འབྲེལ་སློབ་གྲོགས་ཚོར་མངགས་བྱ་ཡང་བྱས།
གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་ཆ་རྐྱེན་ཞན་པའི་ཁོར་ཡུག་གི་མདུན་དུ་སྐབས་ཤིག་རིང་སེམས་ཤུགས་ཆག་པ་ནས་གྲོང་ཚོ་དང་གྲོང་ཚོ་འབྲེལ་བའི་གཞུང་ལམ་འབྲོག་ར་བར་བསྐྲུན་པ་དང་བདེ་སྡོད་ཁང་པ་བསྐྲུན་པའི་བར། ཡུལ་མི་ཚོའི་སེམས་ཁོང་ལས་འཕྱུར་བའི་འཛུམ་མདངས་མཐོང་སྐབས། ཅའོ་ཀྲི་ཕེང་གིས་མངའ་རིས་སུ་གཞི་ཚུགས་ནས་ལང་ཚོའི་བཀྲག་མདངས་གངས་ལྗོངས་ས་མཐོར་ངོམས་རྒྱུའི་སེམས་ཐག་བཅད།
“ནུབ་རྒྱུད་དང་གཞི་རིམ་དུ་འགྲོ། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་འགྲོ”དཔྱིད་དུས་ཀྱི་ལས་བསྡུའི་དུས་ཚིགས་སུ་སླེབས་པས། ཀྲེང་ཀྲོའུ་སློབ་ཆེན་གྱིས་ཤིན་ཅང་དང་བོད་ལྗོངས་སོགས་ནུབ་རྒྱུད་ས་ཁུལ་ལ་དམིགས་ནས་ཆེད་དོན་དྲ་ཕྱིའི་འོས་སྦྱོར་ཚོགས་འདུ་ཞིག་སྒྲིག་འཛུགས་བྱས་ཤིང་། སྲིད་ཇུས་སྒྲོག་འགྲེལ་དང་། ལས་གནས་ངོ་སྤྲོད། སློབ་གྲོགས་ཀྱིས་མཉམ་སྤྱོད་སོགས་ཀྱི་རྣམ་པ་བརྒྱུད་སློབ་མ་རྣམས་ལ་ནུབ་རྒྱུད་དུ་གཞི་ཚུགས་ནས་ལང་ཚོའི་བཀྲག་མདངས་ངོམས་པའི་སྐུལ་ལྕག་དང་ཁྲིད་སྟོན་བྱས།
སློབ་གྲྭས་དྲིལ་བསྒྲགས་དང་སློབ་གྲོགས་ཀྱིས་ཉམས་མྱོང་བརྗོད་པ་སོགས་ཀྱི་འབོད་སྐུལ་འོག ཀྲེང་ཀྲོའུ་སློབ་ཆེན་2025ལོའི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ་ལེའང་ཅིན་གྱིས་མཚོ་སྔོན་གྱི་ལས་གནས་ལ་མིང་འགོད་རྒྱུགས་སྤྲོད་བྱས་པ་རེད། ལེའང་ཅིན་གྱིས“རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱས་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་དཀའ་གནད་མང་ཙམ་སེལ་རྒྱུ་ནི་ང་ནུབ་རྒྱུད་ལ་འགྲོ་བའི་དམིགས་ཡུལ་ཆེ་ཤོས་ཡིན། ལང་ཚོའི་བཀྲག་མདངས་ནི་རྐང་འོག་གི་ས་གཞི་དང་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་ལས་མངོན་པར་བྱེད་དགོས”ཞེས་བཤད། སློབ་མ་དེ་བས་མང་བ་ནུབ་རྒྱུད་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་བྱ་ཆེད། པེ་ཅིང་དང་། ནང་སོག ཀོང་ཏུང་། ཧྲན་ཏུང་སོགས་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དང་མཐོ་སློབ་ཀྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་སྐུལ་ལྕག་བྱེད་པ། ཞབས་ཞུའི་འགན་ལེན་ལེགས་སུ་གཏོང་བ་བཅས་བྱས་ནས་སློབ་ཐོན་སློབ་མ་ནུབ་རྒྱུད་ས་ཁུལ་དུ་བྱས་རྗེས་འཇོག་རྒྱུར་ཁྲིད་སྟོན་བྱས་ཡོད།
ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)གྱི་རབ་འབྱམས་ཞིབ་འཇུག་སློབ་མ་ལིའུ་ཅི་ཡང་དངོས་གཞིའི་ཚན་ཁག་གི་དུས་སུ་ཤིན་ཅང་སྣུམ་ཞིང་གི་སྣུམ་འདོན་ལས་སྒྲུབ་ཁུལ་མང་པོ་ཞིག་ཏུ་དངོས་སྦྱོང་བྱེད་པར་འགྲོ་མྱོང་ཡོད། ཉམས་མྱོང་དེ་དག་ལས་ཁོང་ཤིན་ཅང་ལ་དགའ་ཞེན་ཆེན་པོ་བྱུང་བ་རེད། འདི་ལོའི་སློབ་ཐོན་དུས་ཚིགས་སུ་ཁོང་གིས་ལས་གནས་གསུམ་ཐོ་འགོད་བྱས་པ་ཚང་མ་ནུབ་རྒྱུད་ས་ཁུལ་དུ་ཡོད་པ་དང་མིག་སྔར་ཤིན་ཅང་སྣུམ་ཞིང་དང་གན་རྒྱ་བཞག་ཟིན། “མཛེས་སྡུག་ལྡན་པའི་ཤིན་ཅང་དུ་རང་ཉིད་ལ་དབང་བའི་མི་ཚེའི་ངོ་མཚར་གཏོད་རྒྱུའི་རེ་བ་ཡོད”ཅེས་བཤད།
འདི་ལོའི་དཔྱིད་ཀའི་ལས་བསྡུའི་དུས་ཚིགས་སུ། ཧྭ་ནན་ཞིང་ལས་སློབ་ཆེན་གྱི་ནུབ་རྒྱུད་ས་ཁུལ་ཁག་གི་ཆེད་དོན་ལས་བསྡུའི་བྱེད་སྒོ་དང་དེ་བཞིན་ནུབ་རྒྱུད་འཆར་གཞིར་མིང་ཐོ་འགོད་མཁན་མི་200ལས་བརྒལ་ཡོད། “དེ་ནི་གནས་སྐབས་ཀྱི་བསམ་ཚུལ་ཤིག་མིན་པར་བསམ་བློ་ཞིབ་ཕྲ་བཏང་རྗེས་ཀྱི་ཆོད་སེམས་ཞིག་ཡིན། དེ་ཡང་ཕྱོགས་རྐྱང་པའི་འཚར་ལོངས་ཤིག་མིན་པར་ནུབ་རྒྱུད་དང་མཉམ་དུ་འཚར་ལོངས་བྱེད་པའི་ཁ་ཆད་ཅིག་ཡིན”ནུབ་རྒྱུད་འཆར་གཞིར་མིང་ཐོ་འགོད་པའི་སློབ་ཐོན་སློབ་མ་ཁྲེང་མན་ལིས། རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་སྤྱད་དེ་ནུབ་རྒྱུད་འཕེལ་རྒྱས་ལ་སྟོབས་ཤུགས་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ན་གཞོན་སློབ་མའི་གདམ་ག་དང་བྱ་སྤྱོད་ཀྱིས་ནུབ་རྒྱུད་འཕེལ་རྒྱས་ལ་ལང་ཚོའི་སྟོབས་ཤུགས་བསྣན་ནས་མཛེས་སྡུག་ལྡན་པའི་མདུན་ལམ་བསྐྱངས་ཡོད། “ཤར་ལྷོར་ཕྱོགས་སུ”འགྲོ་འདོད་པ་ནས“ནུབ་བྱང་དུ་གཞི་ཚུགས་པའི”གདམ་ག་བྱེད་པའི་བར། ན་གཞོན་སློབ་མའི་འགྲོ་ཕྱོགས་ལ་འགྱུར་ལྡོག་འགྲོ་དོན་ནི་སྲིད་ཇུས་ཀྱི་ཁྲིད་སྟོན་ལས་བྱུང་བ་ཞིག་ཡིན་པས་དེ་ལས་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་བ་མངོན་ཡོད།
ལེའོ་ཁྲེང་སློབ་ཆེན་གྱིས་དཔྱིད་དུས་ཀྱི་ལས་བསྡུའི་དུས་ཚིགས་སུ་ནུབ་རྒྱུད་འཆར་གཞིའི་རིག་གནས་དུས་ཆེན་སྐབས་གསུམ་པ་གཉེར་བ་དང་། འགོ་ཚུགས་མཛད་སྒོའི་ཐོག་ལེའོ་ཁྲེང་གྲོང་ཁྱེར་ཁུང་ཧྥན་སེན་གྱི་སྙིང་སྟོབས་སློབ་ཁྲིད་རྟེན་གཞིའི་ལས་དོན་མི་སྣས་འགོ་བརྗོད་ལ《ཁུང་ཧྥན་སེན་གྱི་བསམ་ཕྱོགས》ཞེས་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་ནས་རྒྱ་ཆེའི་ན་གཞོན་སློབ་མ་རྣམས་ཀྱིས་ལང་ཚོའི་རྔུལ་ཆུ་མེས་རྒྱལ་གྱི་ནུབ་རྒྱུད་ས་གཞི་ཆེན་པོར་གཏོར་དགོས་པའི་རེ་འབོད་བྱས་པ་རེད།
ལེའོ་ཁྲེང་སློབ་ཆེན་ཏང་ཨུད་ཧྲུའུ་ཅི་ཀོན་ཡན་ཕིང་གིས་ངོ་སྤྲོད་བྱས་པར། སློབ་གྲྭས་ནུབ་རྒྱུད་འཆར་གཞིར་དམིགས་ནས་སྐོང་བསྡུ་དང་། གསོ་སྦྱོང་། མངགས་གཏོང་། རྗེས་སྙེག་རྒྱབ་སྐྱོར་བཅས་ཀྱི་མ་ལག་ཆ་ཚང་ཞིག་བཏོད་དེ། ཤིན་ཅང་དང་། བོད་ལྗོངས། མཚོ་སྔོན་སོགས་ནུབ་རྒྱུད་ས་ཁུལ་དུ་རིམ་རྩིས་བརྒྱབ་ན་དང་བླངས་པ་2032བཏང་ཟིན། འདི་ལོ་ལེའོ་ཁྲེང་སློབ་ཆེན་གྱིས་དཔྱིད་ཀའི་ལས་བསྡུའི་གཉིས་འདེམས་ཚོགས་འདུ་འཚོག་ཡུལ་དུ་ནུབ་རྒྱུད་འཆར་གཞིའི་དྲིལ་བསྒྲགས་འགྲེམས་སྟེགས་བཙུགས་ཏེ། སློབ་མཐར་ཕྱིན་ཟིན་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་30ལྷག་ཙམ་གདན་དྲངས་ནས་དྲིལ་བསྒྲགས་བྱེད་སྒོ་ཐེངས་120ལྷག་ཙམ་སྤེལ་ཏེ། སློབ་མ་དེ་བས་མང་བ་ནུབ་རྒྱུད་དུ་གཞི་ཚུགས་པ་དང་ལང་ཚོའི་བཀྲག་མདངས་ངོམས་རྒྱུའི་ལྕག་སྐུལ་བྱས་པ་རེད།
“ནུབ་རྒྱུད་འཕེལ་རྒྱས་གཏོང་བར་ཕུལ་བྱུང་ན་གཞོན་འབོར་ཆེན་མཁོ”གུང་གཞོན་སྡེ་ཚོགས་པེ་ཅིང་གྲོང་ཁྱེར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། འདི་ལོ་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྲིད་ཇུས་ལ་གསལ་འགྲེལ་ཡག་པོ་བྱས་ཏེ།“གཞོན་ནུ་ལག་ལེན་པའི་འཆར་གཞི”དང“གཞོན་ནུས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི”རྒྱལ་སའི་སློབ་ཆེན་སློབ་མའི་དབྱར་གསེང་གི་སྤྱི་ཚོགས་ལག་ལེན་སོགས་ཀྱི་རྣམ་གྲངས་བརྒྱུད། ན་གཞོན་སློབ་མས་ནུབ་རྒྱུད་ལ་བྱས་རྗེས་འཇོག་པའི་ལམ་བུ་ཇེ་ཡངས་སུ་གཏོང་བ་དང“ནུབ་རྒྱུད་དང་གཞི་རིམ་དུ་འགྲོ། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་འགྲོ”བ་དེ་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བའི་གདམ་གར་འགྱུར་བར་བྱེད་དགོས་ཞེས་བཤད།
(བདེ་དབང་གིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)