འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།རང་རྒྱལ་གྱིས་བོད་དུ་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་མཁའ་ཐོག་འཚོལ་ཞིབ་ཐིག་ལེན་དངོས་སུ་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 15:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་བྱུང་ཐོན་ཁུངས་པུའུ་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱིས་བོད་དུ་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་མཁའ་ཐོག་རྫས་དཔྱད་རྒྱང་ཚོར་བརྟག་དཔྱད་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ཀྲུང་གོ་རང་བྱུང་ཐོན་ཁུངས་མཁའ་ཐོག་རྫས་དཔྱད་རྒྱང་ཚོར་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་ཞུང་ཧྲེང་ཆིང་གིས་ངོ་སྤྲོད་བྱས་དོན། རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་དེ་རྒྱུན་དུ་ས་བབ་མཐོ་བའི་ས་ཁུལ་དུ་ཁྱབ་པ་དང་། གནམ་གཤིས་འགྱུར་ལྡོག་མང་བ་དང་ས་དབྱིབས་རྙོག་འཛིང་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས། གྲངས་གཞི་རག་དཀའ་བ་ནི་དུས་ཡུན་རིང་པོའི་ནང་འཁྱགས་རོམ་བརྟག་དཔྱད་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ཅིག་རེད། ལག་རྩལ་འདིའི་དཀའ་གནད་སེལ་ཆེད། ཚན་ཞིབ་ཚོགས་པས་མཁའ་ཐོག་རྫས་དཔྱད་ལག་རྩལ་སྤྱད་དེ་ལག་རྩལ་སྒྲིག་ཆས་གསར་ཤོས་གསར་གཏོད་དང་བེད་སྤྱོད་བྱས་ནས“མཁའ་སྐར་ས་གསུམ་གཞི་གཅིག་ཅན”གྱི་བརྟག་དཔྱད་ལྟ་ཞིབ་ཚད་ལེན་ལག་རྩལ་མ་ལག་བསྐྲུན་ཡོད། མ་ལག་དེས་སྲུང་སྐར་རྒྱང་ཚོར་དང་། ཐད་འཕུར་གནམ་གྲུའི་མཁའ་ཐོག་རྫས་དཔྱད། ས་ངོས་ཕྱོགས་བསྡུས་བརྟག་དཔྱད་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་མཉམ་དུ་ལས་དོན་བསྒྲུབས་ཏེ་འཁྱགས་རོམ་གྱི་ཁྱབ་ཁོངས་དང་མཐུག་ཚད་སོགས་ཀྱི་འགག་རྩའི་དཔྱད་གྲངས་ཕྱོགས་ཡོངས་ནས་རག་ཐབས་བྱེད་པ་དང་། རང་རྒྱལ་གྱི་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་གྱི་ཁྱབ་ཁོངས་དང་མཐུག་ཚད་དང་དེ་བཞིན་འགྱུར་ལྡོག་གནས་ཚུལ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྩད་ཆོད་མཐའ་གསལ་བྱས་ཏེ། རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་ཆགས་གྲུབ་ཀྱི་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

ད་ཐེངས་བརྟག་དཔྱད་བྱེད་པའི་གཙོ་གནད་ས་ཁོངས་ཏེ་རི་ལུང་པ་འཁྱགས་རོམ་ནི་བོད་དུ་སྐད་གྲགས་ཡོད་པའི་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་གྱི་ཚབ་མཚོན་ཞིག་ཡིན་ལ། གོ་ལ་ཧྲིལ་པོར་མཐོང་དཀོན་པའི་འཕྲེད་ཐིག་དམའ་འབྲིང་གི་རྒྱ་མཚོའི་རང་བཞིན་གྱི་དེང་རབས་རི་རབ་འཁྱགས་རོམ་ཞིག་ཀྱང་རེད། ཚན་རིག་རྟོག་ཞིབ་ཚོགས་པས་རི་ལུང་པ་འཁྱགས་རོམ་དུ་མཁའ་ཐོག་རྫས་དཔྱད་རྒྱང་ཚོར་གྱི་ཕྱོགས་བསྡུས་བརྟག་དཔྱད་བྱེད་རྒྱུ་ཡིན་ཞིང་། ད་ཐེངས་ཀྱི་བརྟག་དཔྱད་ལས་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་བརྟག་དཔྱད་ཞིབ་འཇུག་ཁྱབ་ཁོངས་སུ་རང་རྒྱལ་ལ་ལག་རྩལ་འཕེལ་རྒྱས་དང་བཀོལ་སྤྱོད་ཚད་བརྒལ་གལ་ཆེན་བྱུང་བ་མཚོན་པ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཀྲུང་གོའི་ཕྱོགས་ཀྱི་རྩ་ཆེའི་གྲངས་གཞི་མཁོ་འདོན་བྱེད་རྒྱུ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཚེ་རིང་དང་བུ་ཁྲིད་ཀྱིས་ཞུས)