ཕྱི་རྒྱལ་བ་དེ་བས་མང་བ་ཀྲུང་གོར་ཉོ་སྒྲུབ་ཡུལ་སྐོར་ལ་ ཡོང་རྒྱུའི་ཡིད་དབང་བཀུག་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་08ཉིན། 09:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། ཚོང་དོན་པུས་ནོར་སྲིད་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲལ་དོན་སྤྱི་ཁྱབ་ཅུས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་བཅས་དང་མཉམ་དུ《རྒྱལ་མཚམས་ནས་བྲལ་བའི་ཁྲལ་སློག་སྲིད་ཇུས་སྔར་བས་ལེགས་གཏོང་དང་རྒྱལ་མཚམས་སུ་འཛུལ་བའི་འཛད་སྤྱོད་བྱེད་རྒྱ་ཆེར་གཏོང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཧྲེང་ཆིའུ་ཕིང་གིས། བརྡ་ཐོའི་ནང་གཙོ་བོ་ཁྲལ་སློག་ཚོང་ཁང་ཉུང་བ་དང་། ཁྲལ་སློག་ཉོ་སྒྲུབ་ཀྱི་གདམ་ག་མང་པོ་མེད་པ་དང་རང་རྒྱལ་ནས་ཐོན་པའི་ཚོང་ཟོག་ཉུང་བ། ཁྲལ་སློག་སྟབས་བདེ་ཅན་སྔར་བས་འཐུས་ཚང་བཟོ་དགོས་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཁྲལ་སློག་ཚོང་ཁང་མང་དུ་དང་རྒྱ་སྐྱེད་གཏོང་བ་དང་། ཁྲལ་སློག་ཚོང་ཟོག་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། རྒྱལ་མཚམས་ནས་བྲལ་བའི་ཁྲལ་སློག་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཕྱོགས་གསུམ་ཐད་ནས་སྲིད་ཇུས་བྱེད་ཐབས་ཁག་8བཏོན་ཡོད་ཅེས་བརྗོད་པ་རེད།
རྒྱལ་མཚམས་ནས་བྲལ་བའི་ཁྲལ་སློག་ཅེས་པ་ནི་ཕྱི་རྒྱལ་གྱི་འགྲུལ་པ་རྒྱལ་མཚམས་ནས་འབྲལ་སྐབས་ཁྲལ་སློག་ཚོང་ཁང་ནས་ཉོས་པའི་ཚོང་ཟོག་ལ་གནས་ཐང་འཕར་ཁྲལ་ཕྱིར་སློག་བྱེད་པའི་སྲིད་ཇུས་ལ་བརྗོད། ཧྲེང་ཆིའུ་ཕིང་གིས། རྒྱལ་མཚམས་ནས་བྲལ་བའི་ཁྲལ་སློག་སྲིད་ཇུས་སྔར་བས་ལེགས་སུ་བཏང་ན། ཕྱི་རྒྱལ་གྱི་འགྲུལ་པས་ཀྲུང་གོར་ཟོག་ཉོ་བྱེད་སྐབས་སྟབས་བདེ་བྱུང་ནས་ཡུལ་སྐོར་དང་འཛད་སྤྱོད་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཕྱི་རྒྱལ་བ་དེ་བས་མང་བ་ཀྲུང་གོར་ཟོག་ཉོ་བྱེད་པ་དང་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་སྟེ།“རྙིང་ཁུངས་མིང་ཅན”དང“རྒྱལ་རླབས་གསར་པ”དེ་བས་མང་བ་འཛམ་གླིང་དུ་དར་རྒྱུར་སྐུལ་མ་ཐེབས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་མཉམ་འབྲེལ་མཉམ་མཐུད་དང་ཕན་ཚུན་སྐུལ་འདེད་ཐུབ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
ཚོང་ཁང་རྒྱ་སྐྱེད་བཏང་ནས་ཕྱི་རྒྱལ་གྱི་འགྲུལ་པར་སྤུས་ལེགས་ཚོང་ཁང་དེ་བས་མང་པོ་སྐོར་རྒྱུ་ཡོང་བ་བྱ་རྒྱུ་ཡིན་ཞིང་། བརྡ་ཐོའི་ནང་ཁྲལ་སློག་ཚོང་ཁང་གི་བཀོད་པ་ལེགས་སུ་བཏང་ནས་ས་ཁུལ་ཁག་གིས་ཚོང་སྐོར་ཆེ་གྲས་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། གནམ་ཐང་། གསོལ་མགྲོན་ཁང་སོགས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་འདུ་འཛོམས་བྱ་ཡུལ་དུ་ཁྲལ་སློག་ཚོང་ཁང་མང་དུ་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ་དང་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་རྒྱལ་མཚམས་ནས་བྲལ་བའི་ཁྲལ་སློག་གི་ཁྱད་ལྡན་ཁྲོམ་ཁུལ་ཁག་གཅིག་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁྲལ་སློག་ཚོང་ཁང་གི་ཐོ་འགོད་ཆ་རྐྱེན་ལྷུག་ཏུ་བཏང་ནས། གསར་དུ་བཙུགས་ཏེ་ལོ་གཅིག་སོང་མེད་པའི་ཚོང་ཁང་སོགས་ཁྲལ་སློག་ཚོང་ཁང་དུ་སྒྱུར་བའི་རེ་ཞུ་བྱས་ཆོག་པ་དང་། ཁྲལ་སློག་ཚོང་ཁང་གི་ཐོ་འགོད་སྡེ་ཚན་དེ་ཞིང་ཆེན་རིམ་པའི་ཁྲལ་དོན་སྡེ་ཚན་ནས་གཙོ་གཉེར་ཁྲལ་དོན་ལས་ཁུངས་སུ་བསྒྱུར་བ་དང་ཐོ་འགོད་དུས་ཚོད་ལས་ཀའི་ཉིན་མོ་ལྔའི་ནང་ཚུན་དུ་ཐུང་དུ་གཏོང་རྒྱུ་ཡིན་པ་བཏོན་ཡོད།
ཚོང་ཟོག་མང་དུ་བཏང་ནས་ཕྱི་རྒྱལ་གྱི་འགྲུལ་པར་སྤུས་ལེགས་ཚོང་ཟོག་དེ་བས་མང་བ་ཉོ་རྒྱུ་ཡོད་པ་བྱ་རྒྱུ་ཡིན་ཞིང་། མིག་སྔར་ཕྱི་རྒྱལ་གྱི་འགྲུལ་པས་ཁྲལ་སློག་ཉོ་སྒྲུབ་བྱས་པའི་ཚོང་ཟོག་མང་ཆེ་བ་རྒྱལ་སྤྱིའི་སྤུས་རྟགས་ཐོན་རྫས་རེད། བརྡ་ཐོའི་ནང་རྒྱལ་མཚམས་ནས་བྲལ་བའི་ཁྲལ་སློག་གི་ཚད་གཞི་དམའ་ཤོས་སྒོར་500ནས་སྒོར་200བར་དམའ་རུ་གཏོང་རྒྱུ་མ་ཟད། ཁྲལ་སློག་ཉོ་སྒྲུབ་ཀྱི་ཚད་གཞི་དམའ་རུ་གཏོང་རྒྱུ་དང་ཆབས་ཅིག་ཆ་སྙོམས་ཉོ་ཚོང་རིན་གོང་ཅུང་དམའ་བའི་ཡུལ་ཟོག་ཚོང་ཁང་དང་དྲན་རྟེན་དངོས་རྫས་ཚོང་ཁང་སོགས་ཁྲལ་སློག་ཚོང་ཁང་ནང་ཞུགས་སུ་བཅུག་ནས་རྒྱལ་ནང་གི་ཚོང་ཟོག་ཕྱིར་ཚོང་ལ་སྐུལ་འདེད་གཏོང་རྒྱུ་དང་། ཁྲལ་སློག་ཚོང་ཁང་གིས་ཕྱི་རྒྱལ་གྱི་འགྲུལ་པའི་དགོས་མཁོར་གཞིགས་ནས་ཚོང་ཟོག་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་ལེགས་སུ་གཏོང་རྒྱུར་མཛུབ་ཁྲིད་བྱ་རྒྱུ་ཡིན་པ་བཏོན་ཡོད།
ཞབས་ཞུ་ལེགས་སུ་བཏང་ནས་ཕྱི་རྒྱལ་གྱི་འགྲུལ་པར་ཁྲལ་སློག་དེ་བས་སྟབས་བདེ་གཉེར་རྒྱུ་ཡིན་ཞིང་། ཁྲལ་སློག་སྒྲུབ་གཉེར་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། རྒྱལ་མཚམས་ནས་བྲལ་བའི་ཁྲལ་སློག་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚོང་ཁང་གིས་བཙོངས་འཛིན་སྤྲོད་པའི་ལས་ཕྱོད་ཆེ་རུ་གཏོང་བ། འགྲུལ་པ་སྒུག་ཡུན་ཐུང་དུ་གཏོང་བ་བཅས་བྱ་རྒྱུ་དང་། “ཚོང་ཟོག་ཉོས་མ་ཐག་འཕར་ཁྲལ་སློག་པའི”ཞབས་ཞུའི་བྱ་ཐབས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ནས་འགྲུལ་པར་ཉོ་སྒྲུབ་བྱ་ཡུལ་ནས་བསློགས་པའི་ཁྲལ་དངུལ་ལེན་ཐུབ་པ་བྱ་རྒྱུ། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཁྲལ་སློག་དངོས་རྫས་ལ་ཐུམ་སྒྲིལ་རྒྱག་པ་དང་ཨང་རྟགས་འགོད་རྒྱུར་སྐུལ་མ་བཏང་སྟེ། འགག་སྒོ་ལས་ཁུངས་ལ་ཐུམ་སྒྲིལ་བཤིག་མི་དགོས་པར་ཞིབ་བཤེར་བྱེད་པར་སྟབས་བདེ་བསྐྲུན་རྒྱུ། ཁྲལ་སློག་གཏོང་སྤྲོད་ཞབས་ཞུ་ལེགས་སུ་བཏང་ནས་དངུལ་སྨར་ཁྲལ་སློག་བཅད་གྲངས་སྒོར་ཁྲི་1ནས་སྒོར་ཁྲི་2བར་མཐོ་རུ་གཏོང་རྒྱུ་དང་། འབྲེལ་ཡོད་སྒྲིག་གཞིས་སྒུལ་བདེའི་གཏོང་སྤྲོད་དང་། དངུལ་ཁང་གཱ དངུལ་སྨར་སོགས་ཀྱི་བྱ་ཐབས་བརྒྱུད་ཞབས་ཞུ་བྱ་རྒྱུར་སྐུལ་མ་བཏང་ནས་ཕྱི་རྒྱལ་གྱི་འགྲུལ་པའི་སྣ་མང་ཅན་གྱི་གཏོང་སྤྲོད་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པར་སྐོང་རྒྱུ་ཡིན་པ་བཏོན་ཡོད།