འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་8ཉིན།

༄༅།།ཧྲན་ཏུང་རི་ཀྲའོ་གྲོང་ཁྱེར་གྱིས་གཞོན་ནུ་ལོ་ཆུང་གི་སྒལ་ཚིགས་བདེ་ཐང་དང་བདེ་སྲུང་གི་ཆེད་དོན་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་08ཉིན། 09:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སྒལ་ཚིགས་དང་མིག་ཤེད་བདེ་ཐང་གི་ཆེད་དོན་བྱ་སྤྱོད(རི་ཀྲའོ་ས་ཚིགས)སྤེལ་ཏེ་དང་ཐོག་རི་ཀྲའོ་གྲོང་ཁྱེར་ཐེན་ཉིང་སློབ་ཆུང་དུ་འོང་ཞིང་། སློབ་མ་ཚོས་སློབ་ཚན་གྱི་བར་གསེང་དུ་རིགས་གཅིག་མཁས་ཅན་ཚོགས་པ་དང་མཉམ་དུ་བློ་རྩེ་གཅིག་སྒྲིམ་གྱིས་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སྒལ་ཚིགས་དང་མིག་ཤེད་བདེ་ཐང་གི་ལུས་རྩལ་སྦྱོང་བརྡར་བྱས་པ་རེད།

    “ང་ཚོས་བདེ་ཐང་ལུས་རྩལ་དེ་རྒྱུན་གཏན་གྱི་བྱེད་སྒོའི་ནང་བཅུག་པས་ཕྲུ་གུ་ཚོའི་སྡོད་སྟངས་འདྲོང་དུ་འགྲོ་བ་དང་གོམས་གཤིས་བཟང་པོ་འཇགས་རྒྱུར་ཕན་ནུས་ཆེན་པོ་ཐོན་ཡོད”ཅེས་སློབ་གྲྭ་དེ་གའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སུན་ཀྲེང་ཞུའེ་ཡིས་བཤད་པ་དང་། ཁོང་གིས་སློབ་གྲྭས་ལོ་རེ་བཞིན་སློབ་མའི་སྒལ་ཚིགས་དང་མིག་ཤེད་ལ་བརྟག་དཔྱད་ཐེངས་གཉིས་བྱས་ཏེ་ཡིག་ཚགས་བཟོས་པ་མ་ཟད། མཉམ་སྡེབ་ཀྱི་ལུས་རྩལ་འགྲན་ཚོགས་ཀྱང་འཚོགས་པས། “མི་དེ་བས་མང་བས་གཞོན་ནུ་ལོ་ཆུང་གི་གཟུགས་གཞི་བདེ་ཐང་ལ་དོ་ཁུར་བྱེད་པའི་རེ་བ་ཡོད”ཅེས་བཤད།

     གྲངས་གཞི་ལས་མངོན་པར་གཞིགས་ན། རང་རྒྱལ་དུ་གཞོན་ནུ་ལོ་ཆུང་ཁྲི་500ལྷག་ཙམ་ལ་སྒལ་ཚིགས་འཁྱོགས་པའི་དཀའ་ངལ་འཕྲད་ཡོད། 2018ལོ་ནས་བཟུང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཁྱོན་དུ་གཞོན་ནུ་ལོ་ཆུང་གི་སྒལ་ཚིགས་དང་མིག་ཤེད་བདེ་ཐང་ཡོང་བའི་ཁྱབ་གདལ་བྱེད་སྒོ་སྤེལ་ཞིང་། ལུས་རྩལ་སྤྱི་ཁྱབ་ཅུས་ལུས་རྩལ་གསོ་རིག་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ལི་ཡན་ཧུའུ་ཡི་ཚོགས་པས“སྔ་ཙམ་ཤེས་པ་དང་། སྔ་ཙམ་དབྱེ་བཤེར། སྔ་ཙམ་འགོག་ཐུབ་པ་བཅས་བྱེད་པའི”ཕྱོགས་བསྡུས་ཀྱི་སྔོན་འགོག་དང་ཚོད་འཛིན་ཇུས་གཞི་བཟོས་པ་མ་ཟད། སྒལ་ཚིགས་དང་མིག་ཤེད་ལ་ཕན་པའི་བདེ་ཐང་ལུས་རྩལ་གསར་རྩོམ་པར་ལེན་དང་། ཆེད་ལས་ཀྱི་མཛུབ་ཁྲིད་ལག་དེབ་དང་རི་མོའི་དེབ་ཀྱང་རྩོམ་འབྲི་བྱས་ནས་ས་གནས་ཁག་ལ་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་རྒྱུར་ཆེད་ལས་ཀྱི་རྒྱབ་སྐྱོར་དང་མཛུབ་ཁྲིད་ཀྱང་བྱས་ཡོད།