—— བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་འཐབ་ས་དང་པོར་བཅར་འདྲི་བྱས་པའི་སྐོར་གྱི་མཐོང་ཐོས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་06ཉིན། 13:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་མོང་ཁྲེན། ཕན་དབྱི་ཅིང་།
“ཉེ་བའི་ལོ་ཤས་རིང་། བོད་ཀྱི་ནང་འདྲེན་སིལ་ཟས་ཀྱི་དགོས་མཁོ་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་འཛད་སྤྱོད་པས་སྤུས་ཀ་ལེགས་པ་དང་སྣ་མང་ཅན་གྱི་བཟའ་བཅར་དེ་བས་དགའ་པོ་བྱེད་ཀྱི་ཡོད། ད་རེས་ཤང་ཀང་ནས་ནང་འདྲེན་བྱས་པའི་ཁྱད་ལྡན་སིལ་ཟས་དེ་དག་གིས་ཁྲོམ་རའི་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ། འཛད་སྤྱོད་པར་སྤུས་ལེགས་ཀྱི་གདམ་ག་དེ་བས་མང་བ་ཡོང་རྒྱུ་རེད”བོད་ལྗོངས་གནམ་ཐང་ཚོགས་པའི་ཁྲོམ་ར་པུའི་སྤྱི་ཁྱབ་ཅིང་ལི་བསྟན་འཛིན་གྱིས་གསར་འགོད་པར་ད་ལོའི་དུས་ཚིགས་དང་པོར་བོད་ཀྱིས་རྒྱལ་སྤྱི་དང་དེ་བཞིན་ས་ཁུལ་གྱི་ཟོག་འདྲེན་མཁའ་ལམ་3གསར་དུ་བཏོད་ནས་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཐོགས་མེད་ཤར་བགྲོད་ཐུབ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཟོག་འདྲེན་མཁའ་ལམ་ལ་བརྟེན་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་ཀྱང་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་མགྱོགས་མྱུར་ཁྱབ་བཞིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་11375.3ཟིན་པ་དེ་དུས་མཚུངས་ལས་12.4%འཕར་ཡོད་པ་རེད།
“ད་ཆ་ཤ་མོ་སོགས་ཞིང་ལས་ཐོན་རྫས་སོས་པ་ཆུ་ཚོད་72ནང་ཚུན་དུ་བོད་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་འབྱོར་ཐུབ་པ་དང་། གྲོང་ཁྱེར་ཁ་ཤས་ལ་མགྱོགས་ཤོས་སུ་ཆུ་ཚོད་2ནང་སླེབས་ཀྱི་ཡོད”ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཀྱི་སྐུར་སྐྱེལ་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཅེས་སྦྲག་སྲིད་དང་བོད་ལྗོངས་གནམ་ཐང་ཚོགས་པའི་དབར་མཉམ་ལས་གཏིང་ཟབ་བྱས་ནས་ས་གནས་དེ་གའི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་སོས་པ་རྒྱལ་ནང་གི་ཁྲོམ་རར་འབྱོར་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། མིག་སྔའི་བར་བོད་ཀྱིས་རྒྱལ་ནང་གི་ཟོག་འདྲེན་མཁའ་ལམ་79བཏོད་ནས་བོད་དང་ས་གནས་ཁག་གི་ཟོག་འགྲུལ་སྦྲེལ་མཐུད་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།
བོད་ལྗོངས་མཁའ་འགྲུལ་གྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་པིང་པིང་གིས་2025ལོའི་དབྱར་སྟོན་གྱི་མཁའ་འགྲུལ་དུས་ཚིགས་སུ་ལྷ་ས་བརྒྱུད་དབྱི་པིན་ནས་ཁྲང་ཀྲོའུ་བར་དང་མངའ་རིས་བརྒྱུད་ཁ་ཧྲི་ནས་ཟི་ལིང་བར་སོགས་ཀྱི་བོད་ནས་འགྲོ་འོང་བྱེད་པའི་མཁའ་ལམ་མང་དུ་གཏོང་རྒྱུ་མ་ཟད། ལྷ་ས་ནས་མངའ་རིས་དང་ཆབ་མདོ་སོགས་བར་གྱི་བོད་ནང་ཁུལ་གྱི་མཁའ་ལམ་རྒྱུན་མཐུད་ཚད་གཞི་མཐོ་པོས་གཉེར་སྐྱོང་བྱ་རྒྱུ་རེད། གཞན་ཡང་ཞང་ཕེང་མཁའ་ལམ་གྱིས་བོད་ནས་འགྲོ་འོང་བྱེད་པའི་མཁའ་ལམ་5མང་དུ་བཏང་སྟེ་བོད་ནས་འགྲོ་འོང་བྱེད་མཁན་གྱི་མཁའ་ལམ་ཚང་མར་རིམ་སྤོར་ཞིབ་ཚགས་བྱས་ནས་འགྲུལ་པ་བོད་ནས་འགྲོ་འོང་བྱེད་པའི་ཉམས་ལེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། མཁའ་འགྲུལ་དུས་ཚིགས་གསར་པར་རྒྱལ་ཁབ་ཕྱི་ནང་གི་མཁའ་འགྲུལ་ཀུང་སི་11གིས་བོད་ལ་འཕུར་སྐྱོད་བྱེད་པའི་ལས་འགན་ཁུར་ཏེ་དུས་གཏན་གནམ་གྲུ་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་58ལ་འབྱོར་གྱི་ཡོད།
དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་འཆར་འགོད་འཕེལ་རྒྱས་ཁྲུའི་ཁྲུའུ་ཀྲང་སྤེན་པ་ཚེ་རིང་གིས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས“མ་ལམ་དང་ལམ་ལག་ཟུང་འབྲེལ་དང་ཕྱི་ནང་མཉམ་འགུལ”གྱི་མཁའ་འགྲུལ་དྲ་རྒྱ་རྒྱུན་མཐུད་བཙུགས་ནས། བོད་དང་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་མང་པོ་སྟབས་བདེའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ། གངས་ལྗོངས་ས་མཐོར་འཕུར་སྐྱོད་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད།
(བསྟན་བཟང་གིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)