འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་22ཉིན།

༄༅།།ཀྲུང་གོས་བཀག་སྡོམ་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་22ཉིན། 15:19】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་4ཚེས་21ཉིན་གྱི་ཕྱི་དྲོར། ཕྱི་འབྲེལ་པུས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས། གསར་འགོད་པ་ཞིག་གིས། ཨ་རི་ཕྱོགས་ཀྱིས་ཞང་ཀང་དུ་བཅའ་སྡོད་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གི་སྒྲིག་གཞི་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་6ལ་“བཀག་སྡོམ་”བྱས་པའི་ཐད་དྲི་བ་བཏོན་པ་རེད།

ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས། ཨ་རིས་ཞང་ཀང་དུ་བཅའ་སྡོད་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གི་སྒྲིག་གཞི་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་6ལ་ཁྲིམས་འགལ་གྱི་ཕྱོགས་རྐྱང་པའི་བཀག་སྡོམ་གང་བྱུང་དུ་བྱས་ནས། ཞང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་བྱས་པ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་ཡོད། ཐ་ཤལ་གྱི་བྱ་སྤྱོད་འདི་རིགས་ལ་ཀྲུང་གོ་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ལ་ངོ་རྒོལ་བྱེད་པའི་ཁྲིམས་གཅོད་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཞང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རྣམ་འགྱུར་ངན་པ་འཛིན་པའི་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་དང་། དཔོན་རིགས། སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཀྲུང་གོ་ཕྱོགས་ཀྱིས་བཀག་སྡོམ་བྱ་རྒྱུའི་ཐག་བཅད་པ་ཡིན། ཨ་རི་ཕྱོགས་ལ་ཞང་ཀང་ནི་ཀྲུང་གོའི་ཞང་ཀང་ཡིན་པས་ཞང་ཀང་གི་ལས་དོན་ལ་ཨ་རི་ཕྱོགས་ཀྱིས་ཐེ་གཏོགས་བྱས་མི་ཆོག་པ་ང་ཚོས་ནན་བཤད་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་ཞང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་སྤྱད་པའི་ནོར་འཁྲུལ་གྱི་བྱ་སྤྱོད་གང་ཞིག་ཡིན་རུང་ཚང་མར་ཀྲུང་གོ་ཕྱོགས་ཀྱིས་རྒོལ་ལན་མཐའ་གཅིག་ཏུ་བསློག་རྒྱུ་དང་འདྲ་མཉམ་གྱི་བཀག་སྡོམ་བྱེད་ངེས་ཡིན་ཞེས་བཤད།