འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་22ཉིན།

༄༅།།ས་གནས་ཁག་གིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས།སློབ་སྦྱོང་དང་། འཚོལ་བཤེར། དག་ཐེར་བཅས་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་22ཉིན། 14:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པས།

དུས་མཚམས་ཤིག་རིང་ས་གནས་ཁག་གིས་བརྗོད་དོན་གཙོ་བོར་དམིགས་པ་དང་སྟབས་བསྡུས་དངོས་སྒྲུབ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་དང་། འཚོལ་བཤེར། དག་ཐེར་བཅས་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྙིང་རུས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། སློབ་སྦྱོང་ལ་སྤུས་ཚད་ལྡན་པ་དང་། འཚོལ་བཤེར་གནད་ལ་འཁེལ་བ། དག་ཐེར་ལ་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱས་ཡོད།

ཟབ་སྦྱོང་མཐིལ་རྟོགས་དང་བློ་སྒྲིལ་སེམས་སྐྱེད་བྱས་པ།

ས་གནས་ཁག་གིས་སློབ་སྦྱོང་སློབ་གསོ་སྤེལ་བའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་རང་རྟོགས་ངང་ཆེ་རུ་བཏང་ནས། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་གནད་དོན་འཚོལ་བཤེར་དང་གཅིག་སྡུད་བཅོས་སྒྲིག་བྱེད་པར་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

ཧྥུའུ་ཅན་ཞིང་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ནས་མ་རྩོམ་ཞིབ་ལྟ་དང་། ས་གནས་ས་ཐོག་ཏུ་སློབ་ཁྲིད། སྤེལ་རེས་བགྲོ་གླེང་། མི་སྒེར་གྱི་རང་སྦྱོང་།

ཆེད་དོན་ཟུར་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་། དཔེ་ཀློག་འཛིན་གྲྭ་གཉེར་རིང་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་བསྐྱོད་དེ“འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་སྙིང་སྟོབས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཟབ་སྦྱོང་མཐིལ་རྟོགས་བྱེད་པར་དཔེ་སྟོན་དང་སྐུལ་ཁྲིད་བྱས་ཡོད།

ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ཧན་ཅང་ཆུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དེ་རིམ་པ་ཁག་གི་ལས་བྱེད་པར་གསོ་སྦྱོང་གི་ངེས་སྦྱོང་སློབ་ཚན་ལ་བརྩིས་ནས། ཆུས་འགོ་ཁྲིད་ཀྱིས་སློབ་ཁྲིད་བྱས་ཏེ་སྤྱོད་ཚུལ་དང་། འགན་སྒྲུབ། ཐེག་པ་ཁུར་ལེན་བཅས་ཀྱི་སྐོར་གླེང་བ་དང་འབྲེལ་རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་ཆེད་དོན་ཚན་ཁག་བཙུགས་ཏེ། ཕྱོགས་ཡོངས་ནས་ཉན་པ་དང་། ཞིབ་པར་ལྟ་བ། དོ་དམ་ནན་པོ་བཅས་བྱས་ཡོད།

གནད་དོན་འཚོལ་བཤེར་བྱས་ནས་འབྱུང་རྩ་གཏིང་ཟབ་བསྔོགས་པ།

ས་གནས་ཁག་གིས་ཚད་གཞི་དང་ཡང་ཡང་བསྡུར་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་གནས་པའི་གནད་དོན་ཕྱོགས་ཡོངས་ནས་འཚོལ་བཤེར་གཏིང་ཟབ་བྱས་པ་དང་གནད་དོན་གྱི་འབྱུང་རྩ་གཏིང་ཟབ་བསྔོགས་ཡོད།

ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་འཚོལ་བཤེར་བྱས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཇུས་འགོད་བྱས་པ་དང་ཆབས་ཅིག ཅུང་མངོན་གསལ་དོད་པའི“སྲིད་དོན་ལས་རྗེས་ལྟ་བའི་ཕྱོགས་འཛོལ”དང“སྒྲིག་འགལ་ངང་བཟའ་བཏུང་དང་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན”སོགས་ཀྱི་གནད་དོན་གྱི་གསལ་ཐོ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ནས། ཆེད་དོན་དག་ཐེར་ལས་དོན་གྱི་ཇུས་གཞི་ཞིབ་འཇུག་བྱས་ནས་སོ་སོར་བཟོས་ཏེ“གནད་དོན་གཅིག་དག་ཐེར་བྱེད་པ་དང་། ཡུག་གཅིག་བཅོས་སྒྲིག་བྱེད་པ། ས་ཁོངས་གཅིག་ཚད་ལྡན་དུ་གཏོང་བ”བཅས་ཀྱི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་རེད།

ཧུའུ་ནན་ཞིང་ཆེན་ལིའུ་དབྱང་གྲོང་ཁྱེར་གྱིས་སྐོར་གཟིགས་སྐོར་ཞིབ་དང་། རྩིས་བཤེར་ལྟ་སྐུལ། མང་ཚོགས་ལ་བཅར་འདྲི་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་གསེད་བཀྲོལ་དང་གྲལ་བཤེར་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་མནའ་མ་བསུ་ལེན་དང་འདས་པོའི་རྗེས་འཇུག་དང“ཡིག་ཆའི་ཁ་བྱང་དམར་པོ་ནས་དཀར་པོར་འགྱུར་བ”སོགས་འཇུག་སྒོ་ཆུང་ངུའི་གནད་དོན་ཁག་16གི་གསལ་ཐོ་བཟོས་ནས། ནུས་ཤུགས་ཡོད་རྒུས་གནས་ཚུལ་གསལ་རྟོགས་དང་། གནད་དོན་གནད་འཁེལ་འཚོལ་བ། ཐབས་ཇུས་ཏན་ཏིག་འདོན་པ་བཅས་བྱས་ཡོད།

དངོས་འཛིན་བཙན་འཐབ་བྱས་ཏེ་ཕན་འབྲས་དངོས་ཐོན་པར་བྱས་པ།

ས་གནས་ཁག་གིས་གནད་དོན་གང་ཞིག་ཡོད་ན་དེ་ཐག་གཅོད་བྱེད་པ་དང་གནད་དོན་གང་ཞིག་མངོན་གསལ་དོད་ན་དེ་གཙོ་གནད་ཐོག་བཅོས་སྒྲིག་མཐའ་འཁྱོངས་བྱས་ཏེ་དངོས་འཛིན་བཙན་འཐབ་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱས་ཡོད།

མཚོ་སྔོན་ཞིང་ཨུད་ཀྱིས། ས་གནས་ཁག་དང་སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁྱབ་ཁོངས་གཙོ་བོ་7གྱི་ཁུར་པོ་ཡང་དུ་གཏོང་བ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཆེད་དོན་བཅོས་སྒྲིག་ཁག་10དང་ཟུང་འབྲེལ་བྱས་ནས་གནད་དོན་གྱི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། དག་ཐེར་གྱི་གསལ་ཐོ་བཅས་རེ་རེ་བཞིན་བཀོད་ནས་གཅིག་སྡུད་བཅོས་སྒྲིག་ལ་ཡོངས་ཁྱབ་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། སློབ་སྦྱོང་སློབ་གསོའི་སྤྱི་ཚོགས་ལྟ་སྐུལ་པའི་དཔུང་ཁག་འཛུགས་པ་དང་། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བཅས་བྱས་ཏེ་གནད་དོན་གསལ་རྟོགས་དང་། གནད་དོན་དབྱེ་ཞིབ། གནད་དོན་ལ་ཚུར་ལན་སྤྲོད་པ། དག་ཐེར་དོན་འཁྱོལ། ཕན་འབྲས་དཔྱད་དཔོག་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱས་ཡོད།

ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“3+3”གྱི་གཅིག་སྡུད་བཅོས་སྒྲིག་བྱས་ཤིང་། དཔྱད་ཞིབ་མ་ལག་ཁུ་བསྡུས་གནད་སྨིན་དང་། ལྟ་བཤེར་ཞིབ་བཤེར་བྱེད་ཚད་ཉུང་དུ་དང་སྤུས་ཚད་ལེགས་གཏོང་། “བརྙན་ལམ་ནང་གི་ཕྱི་ཚུལ་རིང་ལུགས”བཅོས་སྒྲིག་སོགས་ཆེད་དོན་བྱ་སྤྱོད་གསུམ་མུ་མཐུད་གཏིང་ཟབ་སྤེལ་ཏེ། “རྟེའུ་ལ་ཁལ་འགེལ་བའི”མངོན་གསལ་དོད་པའི་གནད་དོན་དང་། གཞི་རིམ་ལ་ཕྱོགས་པའི་བཀའ་རྒྱ་དང་ལས་འགན་ཕྱོགས་མང་པོ་ནས་བཀོད་སྒྲིག་དང་སོ་སོར་སྒྲུབ་རིགས་བཅོས་སྒྲིག མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་སོགས་དཀའ་གནད་རིགས་གསུམ་ཐག་གཅོད་གཏིང་ཟབ་བྱས་ནས་སློབ་སྦྱོང་དང་། འཚོལ་བཤེར། དག་ཐེར་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ཡོད།

ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྲུའུ་ཧྲན་ཆུས་ཀྱིས་ཆུས་རིམ་པའི་སློབ་སྦྱོང་སློབ་གསོ་གཅིག་སྡུད་བཅོས་སྒྲིག་ལས་དོན་བགོ་བཤའ་བརྒྱབ་སྟེ། ཆུས་རིམ་པའི་འགོ་ཁྲིད་ཚན་ཁག་དང་མི་སྒེར་གྱིས་འཚོལ་བཤེར་བྱས་པའི་གནད་དོན་ཁག་40ལྷག་ཙམ་ལ་དམིགས་ནས་གསལ་ཐོ་བཀོད་པ་དང་བྱེད་ཐབས་ཞིབ་ཕྲ་བཟོས་པ་མ་ཟད། དག་ཐེར་གྱི་རྩིས་ཐོ་རེ་རེ་བཞིན་བཟོས་པ་རེད། སྡེ་ཁུལ(གྲོང་ཚོ)དང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཁག་གཅིག་ཏུ་དག་ཐེར་གྱི་ཕན་འབྲས་ལ“ལྟ་ཞིབ་བྱེད་ས”བཙུགས་ཏེ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཉན་པ་དང་། དག་ཐེར་གྱི་འཕེལ་རིམ་དང་ཕན་འབྲས་ལ་སྟབས་བསྟུན་ངང་དབྱེ་ཞིབ་བྱས་ཡོད།

(ལྷག་ཚེ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)