བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་09ཉིན། 10:29】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་བགྲེས་སོང་དབང་ཆེན་ཡིན་པ། (ཟླ་3ཚེས་16ཉིན་པར་བརྒྱབ)
ཟླ་3ཚེས་16ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་གཉེར་བའི་རྨོད་གཉའ་གཅོག་པའི་མཛད་སྒོའི་ཐོག་ལོ་80ལ་སླེབས་པའི་བགྲེས་སོང་དབང་ཆེན་གྱིས་ལོ་ངོ་སྟོང་ཕྲག་རིང་དར་ཁྱབ་བྱུང་བའི་སྨོན་ཚིག་བསྒྲོན་བཞིན། གྲོང་ཚོའི་གཞོན་ནུ་ཚོ་རྨོད་གཉའ་གཅོག་པའི་ལས་ལ་སྐུལ་བཞིན་འདུག ཁོང་གི་སྐད་གསངས་ལ་རྣ་བར་འཇེབས་པའི་གྲེ་འགྱུར་དང་ཉམས་དང་ལྡན་པའི་ལུས་པོའི་སྟངས་སྟབས་ལས་ཡུད་ཙམ་ཞིག་རིང་གནས་དེ་ཡོངས་སུ་བརྒྱན།
བགྲེས་སོང་དབང་ཆེན་གྱི་བྱིས་དུས་ཀྱི་འཚོ་བར་མུན་ནག་གིས་བཏུམས་ནས་རེ་བའི་འོད་ཟེར་མཐོང་རྒྱུ་མེད་པ་ཚང་མའི་བསམ་ཡུལ་ལས་འདས། སྤྱི་ཚོགས་རྙིང་པའི་དཀའ་སྡུག་ཆེ་བའི་འཚོ་བའི་སྐོར་གླེང་སྐབས་ཁོང་གིས“སྤྱི་ཚོགས་རྙིང་པའི་སྡུག་བསྔལ་བརྗོད་ཀྱང་བརྗོད་ཚར་རྒྱུ་མེད”ཅེས་སེམས་སྡུག་ཆེན་པོས་བཤད།
འདི་ནི་བགྲེས་སོང་དབང་ཆེན(སྟར་པ་མདུན་མའི་མིག་ཤེལ་ནག་པོ་བརྒྱབ་པ་དེ་ཡིན་པ)གྱིས་རྨོད་གཉའ་གཅོག་པའི་མཛད་སྒོར་སྐུ་མགྲོན་ཚོར་ཆང་གཞས་གཏོང་བཞིན་པ། (ཟླ་3ཚེས་16ཉིན་པར་བརྒྱབ)
བགྲེས་སོང་དབང་ཆེན་གྱིས“སྐབས་དེ་དུས་གྱོན་ཆས་ཚང་མར་ལྷན་པ་མང་པོ་བརྒྱབ་ཡོད་པ་དང་། གྲོད་པ་རྒྱགས་པ་ཕྱེད་ཀ་དང་མི་རྒྱགས་པ་ཕྱེད་ཀ་རེད། ཁྱིམ་ལ་ཕྲུ་གུ་མང་བས་ཕ་མ་གཉིས་པོས་ཉིན་ལྟར་ཟས་གོས་ལ་སེམས་ཁྲལ་བྱེད་དགོས་ཀྱི་ཡོད། འོན་ཀྱང་གནས་ཚུལ་འདི་རིགས་ངའི་ཁྱིམ་ཚང་གཅིག་པུ་མ་ཡིན་པར། ཁྱིམ་ཚང་ཚང་མར་དེ་འདྲའི་སྡུག་བསྔལ་ཡོད་པས་འཚོ་བར་རེ་བ་ཏིལ་འབྲུ་ཙམ་ཡང་མེད”ཅེས་ཕྱིར་དྲན་བྱེད་བཞིན་བཤད།
སྤྱི་ཚོགས་རྙིང་པའི་དམ་ཞིང་ནན་པའི་ཁྲལ་འུ་ལག་ལམ་ལུགས་ཀྱིས་བགྲེས་སོང་ཁོང་ལ་དེ་བས་བརྗེད་པར་དཀའ་བའི་སྡུག་བསྔལ་གྱི་དྲན་འཆར་བཞག་ཅིང་། ཁོང་གིས“ཕྲུ་གུ་བུ་སྐྱེས་ཚེ་ཕ་ཕྱོགས་ཀྱི་མངའ་བདག་ལ་དབང་བ་དང་། ཕྲུ་གུ་བུ་མོ་སྐྱེས་ཚེ་མ་ཕྱོགས་ཀྱི་མངའ་བདག་ལ་དབང་བས། ཚང་མར་མི་ཁྲལ་འཇལ་དགོས་ཀྱི་ཡོད། གཞན་ཡང་ཕྱོགས་མིས་མངའ་བདག་ལ་ཟླ་རེར་འབྲུ་རིགས་ཁལ་གཅིག(བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་ཚད་འཇལ་སྟངས་ལྟར་བརྩིས་ན་འབྲུ་རིགས་ཁལ་1ལ་རྒྱ་མ་28ཙམ་ཡིན་པ)དང་ལོ་རེར་ཁལ་བཅུ་གཉིས་འཇལ་དགོས་ཀྱི་ཡོད། ཁྲལ་དེ་ངེས་པར་དུ་འཇལ་དགོས་པས་ཐར་ས་གཏན་ནས་མེད། དབུལ་ཞིང་ཕོངས་པའི་ཁྱིམ་ཚང་ཞིག་གི་ངོས་ནས་བརྗོད་ན་ཁྲལ་འུ་ལག་ལྕི་པོ་འདི་ངོ་མ་མུ་གེའི་སྟེང་ལ་ཟླ་ལྷག་རང་རེད། དུས་ཚོད་འདི་འདྲར་ཨམ་གཙིགས་བསྡམས་ནས་འཚོ་བ་སྐྱེལ་རྒྱུ་ལས་ཐབས་གཞན་གང་ཡང་མེད”ཅེས་བཤད།
1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་པས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད།
ད་ཆ་བགྲེས་སོང་དབང་ཆེན་གྱི་ཁྱིམ་དུ་མི་རབས་བཞི་འཆམ་མཐུན་ངང་མཉམ་དུ་སྡོད་ཀྱི་ཡོད་ཅིང་། ནང་མི་18ཀྱི་ཟས་གོས་ལ་སེམས་ཁྲལ་མེད་པར་འཚོ་བ་སྐྱིད་པོ་སྐྱེལ་བཞིན་ཡོད། “ད་ཆ་ང་རང་རྒས་པས་འཚོ་བ་སྐྱིད་པོ་འདི་ལོངས་སུ་སྤྱོད་པའི་དུས་ཚོད་ཇེ་ཐུང་དུ་འགྲོ་བར་བློ་ཕམ་སྐྱེ་གི་འདུག”ཅེས་བགྲེས་སོང་དབང་ཆེན་གྱིས་ཆང་འཐུང་བཞིན་བཤད།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་ཟླས་པར་བརྒྱབ།