འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་3ཉིན།

༄༅།།ལུས་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པ་བསྐོས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་03ཉིན། 13:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   པེ་ཅིང་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་3ཚེས་14ཉིན་གྱི་སྔ་དྲོ། ཏ་ཤིན་ཆུས་ལུས་རྩལ་ཅུས་ཏང་ཙུའུ་ཧྲུའུ་ཅི། རིམ་པ་གཉིས་པའི་སྐོར་ཞིབ་པ་དབྱང་པའོ་ཆོན་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་མ་པིང་སོགས་མི་11ཞན་ནུང་ཐན་ལུས་རྩལ་སློབ་གྲྭར་ཕེབས་ནས། ལས་དོན་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད། ཞན་ནུང་ཐན་ལུས་རྩལ་སློབ་གྲྭའི་ཏང་ཨུ་ཧྲུའུ་ཅི་དང་སློབ་གཙོ་ཀྲང་གོ་ཁྲེང་དང་། སློབ་གཙོ་གཞོན་པ་ཝང་ཁྲེན་ཞི། དབྱང་ཝུའེ་ཀོང་། ཞའོ་རུའོ་ཐེང་བཅས་དང་དེ་བཞིན་སྦྱོང་བརྡར་ཚན་ཁག་དང་། ལྗིད་འདེགས་རུ་ཁག བུད་མེད་རྐང་རྩེད་སྤོ་ལོའི་དར་མའི་རུ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ད་ཐེངས་ཀྱི་ཚོགས་འདུར་ཞུགས་པ་རེད།

   གོང་གསལ་གྱི་ཆ་འཕྲིན་ལྟར་ན། ཀྲུང་གོའི་སྐྱེས་པའི་ལུས་སྦྱོང་ལུས་རྩལ་པ་ཞའོ་རུའོ་ཐེང་གིས་པེ་ཅིང་ཞན་ནུང་ཐན་ལུས་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པའི་འགན་འཁུར་ཡོད།

   ཞའོ་རུའོ་ཐེང་། ཕོ། 1996ལོར་པེ་ཅིང་དུ་སྐྱེས་པ་དང་། ཀྲུང་གོའི་སྐྱེས་པའི་ལུས་སྦྱོང་ལུས་རྩལ་པ་དང་རྒྱལ་སྤྱིའི་རིམ་པའི་ལུས་སྦྱོང་ལུས་རྩལ་པ་ཡིན། 2006ལོར་པེ་ཅིང་ལུས་རྩལ་རུ་ཁག་ཏུ་ཞུགས་པ་དང་། 2012ལོར་ཀྲུང་གོའི་རྒྱལ་ཁབ་ལུས་རྩལ་རུ་ཁག་ཏུ་ཞུགས།

    2017ལོར། ཞའོ་རུའོ་ཐེང་ལ་ལུས་རྩལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་ཀུན་ནུས་ལུས་རྩལ་གྱི་ཨང་དང་པོ་ཐོབ་པ་དེ་ནི་ཀྲུང་གོའི་ལུས་རྩལ་པར་ལོ་10འགོར་རྗེས་སླར་ཡང་གཟི་བརྗིད་དེ་ཐོབ་པ་རེད། 2018ལོར་ཁོང་ལ་ལུས་རྩལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྒ་རྩེད་ཨང་དང་པོ་ཐོབ། 2021ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཐོག་ཁོང་གིས་ལུས་རྩལ་སྐྱེས་པའི་མི་སྒེར་གྱི་ཀུན་ནུས་ལུས་རྩལ་དངུལ་གྱི་རྟགས་མ་དང་རང་མོས་ལུས་རྩལ་ཟངས་ཀྱི་རྟགས་མ་བླངས་པ་རེད། 2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་ཁོང་ལ་ལུས་རྩལ་སྐྱེས་པའི་མི་སྒེར་གྱི་ཀུན་ནུས་ལུས་རྩལ་ཟངས་ཀྱི་རྟགས་མ་ཐོབ། གཞན་ཡང་། ཁོང་ད་དུང་རྒྱལ་ཁབ་ལུས་རྩལ་རུ་ཁག་གི་སྐྱེས་པའི་ཚོགས་པའི་རྣམ་གྲངས་ཀྱི་གཙོ་ཤུགས་སུ་ཐེངས་མང་བདམས་ནས་རུ་ཁག་དང་མཉམ་དུ་འཛམ་གླིང་འགྲན་བསྡུར་ཆེན་པོའི་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་ཡོད།

   ན་ནིང་ཟླ་12པར། ཞའོ་རུའོ་ཐེང་རྒྱལ་ཁབ་ལུས་རྩལ་སྦྱོང་བརྡར་རུ་ཁག་ཏུ་བདམས་ནས་དགུན་དུས་སྦྱོང་བརྡར་བྱས་ཏེ་ཨོ་རྩལ་འགྲན་ཚོགས་ཀྱི་འཁོར་ཡུན་གསར་པར་གྲ་སྒྲིག་བྱས་པ་རེད།