འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་29ཉིན།

༄༅།།པེ་ཅིང་གིས་ཀྲུང་ཀོན་ཚུན་གྱི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་གཏོང་བ།

འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གླིང་མགྱོགས་མྱུར་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་29ཉིན། 09:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཧའོ་ནན།

2021ལོའི་ཟླ་9པར་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2021ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ལ་བརྙན་ལམ་བརྒྱུད་རྟེན་འབྲེལ་ཞུ་སྐབས“ཀྲུང་གོས་ཀྲུང་ཀོན་ཚུན་གྱིས་རེས་སྐོར་གསར་པའི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གླིང་མགྱོགས་མྱུར་བསྐྲུན་ཏེ་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན”ཞེས་ནན་བཤད་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། པེ་ཅིང་གིས་ཀྲུང་ཀོན་ཚུན་གྱི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟའི་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ཞིང་། མིག་སྔའི་བར། རེས་སྐོར་གསར་པའི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟའི་སྒྱུར་བཅོས་བྱ་ཐབས་ཁག་24ཚང་མ་དོན་འཁྱོལ་ཐུབ་པ་དང་། ཀྲུང་དབྱང་དང་ས་གནས་གཉིས་ཀྱིས་རིམ་རྩིས་བརྒྱབ་ན་ལེ་ལག་ཚང་བའི་སྲིད་ཇུས་ཁག་50ལྷག་ཙམ་བཏོན་ཡོད། དེའི་ནང་། ནོར་སྲིད་དཔྱ་ཁྲལ་དང་ཤེས་ལྡན་པ་སོགས་ཐད་ཀྱི་སྒྱུར་བཅོས་བྱ་ཐབས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད།

ཀྲུང་ཀོན་ཚུན་ནི་སྒྱུར་བཅོས་ལ་བརྟེན་ནས་གཞི་ཚུགས་པ་དང་སྒྱུར་བཅོས་ལ་བརྟེན་ནས་དར་རྒྱས་བྱུང་བ་ཞིག་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཚོད་ལྟ་བྱ་ཡུལ་དང་གསར་གཏོད་འཕེལ་རྒྱས་ཀྱི་ཚད་ཤིང་གལ་ཆེན་ཞིག་རེད། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི་ཡིས། ཀྲུང་ཀོན་ཚུན་གྱིས་སྒྱུར་བཅོས་ཀྱི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ནས་སྒྱུར་བཅོས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ཡག་པོ་འདོན་པ། འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གླིང་མགྱོགས་མྱུར་སྐྲུན་པ་བཅས་བྱས་ཏེ་པེ་ཅིང་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྔོན་ལ་གཞི་རྩའི་ཆར་མངོན་འགྱུར་ཡོང་ཆེད་དེ་བས་ནུས་ལྡན་གྱི་འདེགས་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད།

འགག་རྩའི་ལྟེ་བའི་ལག་རྩལ་ཐད་ཁེ་ལས་ཀྱིས་དགོས་མཁོ་འདོན་པ་དང་མཉམ་དུ་འགག་སྒྲོལ་བྱེད་པ།

ཏ་ཤིན་ཆུས་སུ་གནས་པའི་ཅིང་ཏུང་ཟོག་འགྲེམས་ཨེ་ཤེ་ཡ་ཨང་དང་པོའི་པེ་ཅིང་རིག་ནུས་ཐོན་ལས་གླིང་དུ“མཁོ་སྤྲོད་འཁོར་འབྲེལ་གྱི་ཁ་ཆད་ལག་བསྟར་གྲངས་གཞི་ཆེན་པོའི་མཛོད”ཀྱིས་ཚོང་ཟོག་ཁྲི་བརྒྱ་ཕྲག་ཁ་ཤས་ལ་ཧའོ་མེའོ་རིམ་པའི་སྐབས་ཐོག་ལྟ་སྐུལ་ཚོད་འཛིན་དང་བཀོད་གཏོང་ཐུབ་ནས་ཆ་སྙོམས་བཀོད་གཏོང་ཐབས་ཇུས་ལས་ཕྱོད་40%ཆེ་རུ་ཕྱིན་ཡོད། ལག་རྩལ་འདི་ནི་ཅིན་ཏུང་གིས་སྣེ་ཁྲིད་པ་དང་། ཆིང་ཧྭ་སློབ་ཆེན་དང་པེ་ཅིང་གི་ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་སོགས་དང་མཉམ་དུ་བཙུགས་པའི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་སྟེ། འབྱུང་འགྱུར་གྲངས་རིག་ཅན་གྱི་མཁོ་སྤྲོད་འཁོར་འབྲེལ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་རེད།

“ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མཐོ་རུ་བཏང་ནས། ང་ཚོས་སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་དེ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་27འཛུགས་པར་རྒྱབ་སྐྱོར་བྱས་ཡོད”ཅེས་པེ་ཅིང་གྲོང་ཁྱེར་ཚན་རྩལ་ཨུ་ལྷན་དང་ཀྲུང་ཀོན་ཚུན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཅི་ཧུང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། འབྱུང་འགྱུར་གྲངས་རིག་ཅན་གྱི་མཁོ་སྤྲོད་འཁོར་འབྲེལ་གྱི་ལག་རྩལ་གསར་གཏོད་ལྟེ་གནས་ལ་དཔེ་བཞག་ན། རིམ་རྩིས་བརྒྱབ་ན་ཁེ་བེད་བདག་ཐོབ་ཁག་13རེ་ཞུ་བྱས་པ་དང་། 2023ལོ་ཚུན་ཐོན་པའི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་སོགས་ཀྱིས་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་49ལྷག་ཙམ་བྱུང་ཡོད།

ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱས་ནས“སྔོན་ལ་བེད་སྤྱོད་དང་རྗེས་སུ་རིན་པ་སྤྲོད་པའི”བྱ་ཐབས་འཚོལ་ཞིབ་བྱས་པ།

དངུལ་ཕིང་གཅིག་ཀྱང་གཏོང་དགོས་མ་བྱུང་། 2022ལོར་བཙུགས་པའི་པེ་ཅིང་ཡུང་ཆིང་ནུས་གསོག་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སིར་ཧྭ་པེ་གློག་ཤུགས་སློབ་ཆེན་ནས་སྲ་གཟུགས་ཆིང་གསོག་དང་འབྲེལ་བ་ཡོད་པའི་གྲུབ་འབྲས་ཀྱི་སྤྱོད་དབང་ཐོབ་ཡོད། “ང་ཚོས‘སྔོན་ལ་བེད་སྤྱོད་དང་རྗེས་སུ་རིན་པ་སྤྲོད་པའི’གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཆོག་འཁྲོལ་གྲོན་དངུལ་ཕྱིར་འགྱངས་བྱས་ནས་སྤྲོད་པའི་བྱ་ཐབས་བརྒྱུད་ལག་རྩལ་གྱི་གྲུབ་འབྲས་སྔོན་ལ་བེད་སྤྱོད་བཏང་བ་ཡིན”ཞེས་ཀུང་སི་གསར་འཛུགས་བྱེད་མཁན་ཁྲེང་ཡུང་ཕན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། འབྲེལ་ཡོད་ལག་རྩལ་སྤྱད་དེ་ཀུང་སིས་ཆིང་ནུས་རྐང་འཁོར་དང་ཆིང་ནུས་གྲུ་གཟིངས་སོགས་ཐོན་རྫས་མང་པོ་ཞིག་གསར་སྤེལ་བྱས་ཡོད་ཅེས་བརྗོད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“མཐོ་སློབ་དང་ཚན་ཞིབ་ཁང་གིས་སྔོན་ལ་བེད་སྤྱོད་དང་རྗེས་སུ་རིན་པ་སྤྲོད་པའི་བྱ་ཐབས་བརྒྱུད་ཚན་རྩལ་གྲུབ་འབྲས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་བེད་སྤྱོད་ཆོག་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས”ཞེས་བཏོན་ཡོད། མིག་སྔར“སྔོན་ལ་བེད་སྤྱོད་དང་རྗེས་སུ་རིན་པ་སྤྲོད་པའི”སྒྱུར་བཅོས་དེ་ཀྲུང་ཀོན་ཚུན་དཔེ་སྟོན་ཁུལ་ཡོངས་སུ་ཁྱབ་གདལ་བཏང་བ་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱིས་བྱ་ཐབས་དེ་བརྒྱུད་མཐོ་སློབ་དང་ཞིབ་འཇུག་ཁང་དང་སུའོ་ཡི་ཚན་རྩལ་གྲུབ་འབྲས་ཁག་440ལྷག་ཙམ་བེད་སྤྱོད་བཏང་ཡོད།

སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས་འབྱུང་འགྱུར་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་མགྱོགས་པོ་བཏང་བ།

ཟླ་3ཚེས་12ཉིན། གོ་ལ་ཧྲིལ་པོའི“ཀླད་གཅིག་ནུས་མང”དང“ཀླད་གཅིག་འཕྲུལ་མང”གི་ཀུན་སྤྱོད་གཟུགས་ལྡན་རིག་ནུས་ལས་སྟེགས་དང་པོ“བློ་རིག་ཕྱེ་དངོས”པེ་ཅིང་དུ་ཁྱབ་བསྒྲགས་བྱས་ཡོད། ཟླ་3ཚེས་21ཉིན། པེ་ཅིང་གི་དགུ་ཚིགས་སྒུལ་ཤུགས་འཇིག་རྟེན་འཕུར་སྐྱོད་ཀུང་སིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འབྲུ་ལྷ་སྐར་མ་ཨང་དང་པོ(རྒྱང་ཚོར་བཅུ་བདུན་པ)སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བདེ་བླག་ངང་འཕེན་གཏོང་བྱས་ཡོད། ཟླ་3ཚེས་21ཉིན། ཨ་སི་ལི་ཁང་གིས་པེ་ཅིང་གྲོང་ཁྱེར་ཚན་རྩལ་ཨུ་ལྷན་དང་། ཀྲུང་ཀོན་ཚུན་དོ་དམ་ཨུ་ལྷན། པེ་ཅིང་སློབ་ཆེན་སྐྲན་ནད་སྨན་ཁང་། དེ་བཞིན་པེ་ཅིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་དང་མཉམ་དུ་མཉམ་ལས་གྲོས་མཐུན་ལ་ཁག་སོ་སོར་མིང་རྟགས་བཀོད་ནས་མ་དངུལ་བཏང་སྟེ་པེ་ཅིང་དུ་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཨང་དྲུག་པ་དང་དེ་བཞིན་ཚད་གཞི་མཐོ་བའི་ཐོན་ལས་ཅན་གྱི་རྣམ་གྲངས་སོགས་བསྐྲུན་རྒྱུ་རེད།

“མཉམ་བསྲེས་སྐྱེ་དངོས་བཟོ་སྐྲུན་དང་། གཟུགས་ལྡན་རིག་ནུས། ཚོང་ལས་འཇིག་རྟེན་འཕུར་སྐྱོད་སོགས་འབྱུང་འགྱུར་ཐོན་ལས་ཀྱི་ཞིབ་དབྱེའི་ཁྱབ་ཁོངས་ལ་དམིགས་ནས། ང་ཚོས་ཐོན་ལས་སྲིད་ཇུས་ཁག་38བཏོན་ཡོད”ཅེས་པེ་ཅིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ་ཅིན་ཝེ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། པེ་ཅིང་གིས་ཕྲ་ཕུང་དང་གཞི་རྒྱུ་སྨན་བཅོས་དང་གྲངས་འཛིན་སྨན་བཅོས་སོགས་ཀྲུང་ཀོན་ཚུན་གྱི་ཁྱད་ལྡན་ཐོན་ལས་གླིང་40བཀོད་སྒྲིག་བྱས་པ་དང་། སྨན་བཅོས་ཡོ་བྱད་དང་ཚོར་ཆས་གསར་པ་སོགས་དོན་སྤྱི་ར་སྤྲོད་ལས་སྟེགས་26དང་དེ་བཞིན་འོད་གློག་རྡུལ་ཕྲན་དང་ཆིང་ནུས་སོགས་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་གི་རྟེན་གཞི་གསར་པ་10བསྐྲུན་ཡོད་ཅེས་བརྗོད་པ་རེད།

(པ་ཚེ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)