འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་28ཉིན།

༄༅།།“ཐའེ་ཝན་རང་བཙན་”གྱི་རེ་ངན་ཚང་མ་མཐའ་གཅིག་ཏུ་མེད་པར་བཟོ་རྒྱུ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་28ཉིན། 14:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་3ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའུ་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞོ་དམག་དཔོན་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ།

    གསར་འགོད་པ་ཞིག་གིས་ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་པ་ལའེ་ཆིང་ཏེ་ཡིས་ཉེ་ཆར་ངོགས་གཉིས་ནི་“ཕན་ཚུན་ཁོངས་སུ་མི་གཏོགས་པའི་”ཁ་ཕྲལ་གྱི་གཏམ་འཆལ་སྤེལ་ནས། སྐམ་ས་ཆེན་མོ་དེ“རྒྱལ་ཁོངས་ཕྱིའི་དགྲར་འཛིན་སྟོབས་ཤུགས་”སུ་གཏན་འཁེལ་བྱས་ཡོད། བཅིངས་འགྲོལ་དམག་གིས་ཟླ་3པའི་ཟླ་དཀྱིལ་དུ་ཐའེ་ཝན་མཚོ་འགག་ཉེ་འགྲམ་དུ་དམག་དོན་ནང་སྦྱོང་བྱས། དཔྱད་གཏམ་ཞིག་གིས་དེ་ནི་ལའེ་ཆིང་ཏེའི་“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་གཏམ་བརྗོད་དང་ཉེ་དུས་ཐའེ་ཝན་དང་ཨ་རིས་འབྲེལ་འདྲིས་བྱེད་པའི་འཕེལ་ཕྱོགས་ལ་ངོ་རྒོལ་བྱས་པ་ཞིག་རེད་ཅེས་བཤད་པ་རེད། འདི་ལ་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད།

     ཝུའུ་ཆན་གྱིས་བསྟན་དོན། གནམ་རྒན་མས་གང་དེ་རྩ་མེད་དུ་གཏོང་འདོད་ཚེ། ཐོག་མར་གང་དེ་སྨྱོ་རུ་འཇུག་སྲིད། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ལས། ནམ་ཡང་རྒྱལ་ཁབ་ཅིག་མིན། སྔོན་ཆད་མིན་ལ། ད་ལྟ་མིན། སླད་ཕྱིན་ཡང་གཏན་ནས་ཡིན་མི་སྲིད། ཉེ་ཆར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་དམག་ཁུལ་དུ་ཐའེ་གླིང་ཕྲན་མཐའ་འཁོར་གྱི་མཚོ་མཁའ་ཁོངས་སུ་མཚོ་མཁའ་དམག་སྒྲིག་འཛུགས་བྱས་ཏེ་དམག་གྲབས་ཉེན་ཟོན་སྐོར་ཞིབ་དང་མཉམ་འབྲེལ་སྦྱོང་བརྡར་བྱས་ནས། དཔུང་སྡེའི་དམག་འཐབ་ནུས་པ་ཆེ་རུ་གཏོང་རྒྱུར་ཞིབ་བཤེར་བྱས་པ་རེད། དེ་ནི་“ཐའེ་ཝན་རང་བཙན་”གྱི་མི་སྣར་ཆད་གཅོད་བསླབ་འདོམས་ནུས་ལྡན་ཞིག་ཡིན་ལ། ཕྱི་ཕྱོགས་ཀྱི་ཐེ་གཏོགས་སྟོབས་ཤུགས་ལ་ཉེན་བརྡ་ནན་པོ་བཏང་བ་ཞིག་ཀྱང་ཡིན་པས། རྦད་དེ་ལུགས་མཐུན་དང་དགོས་ངེས་ཤིག་རེད། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱི་ཡོངས་ཀྱི་ཐབས་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་དམག་འཁྲུག་ལ་གྲ་སྒྲིག་དང་། དམག་འཁྲུག་བྱེད་ཐུབ་པ། དམག་འཁྲུག་བྱས་ན་ངེས་པར་དུ་རྒྱལ་ཁ་ཐོབ་པ་བཅས་བྱས་ཏེ། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་ལྐོག་ཇུས་མཐའ་དག་མཐའ་གཅིག་ཏུ་མེད་པར་བཟོ་རྒྱུ།

    རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་སྲིད་གཞུང་གི་དྲ་ཚིགས་ཐོག དེ་གོང་“ ‘ཐའེ་ཝན་རང་བཙན་’གྱི་ངན་རེངས་པ་དང་རོགས་པས་སྤུན་ཟླ་ཐའེ་ཝན་པ་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ངན་པ་ཐེར་འདོན་ཆེད་བསྒྲིགས་ལེ་ཚན་”བཏོན་ནས། གང་དེའི་བྱ་སྤྱོད་ངན་པ་དང་གཏེ་བོ་དེ་ལ་འགན་འཁྲི་བདའ་འདེད་བཏང་བ་རེད། གནོན་ཤུགས་དང་གནོད་འཚེ་ཕོག་མཁན་དང་འབྲེལ་ཡོད་ཁུངས་སྣེ་ཤེས་རྟོགས་བྱེད་མཁན་ཚོས་འབྲེལ་ཡོད་གནས་ཚུལ་ཐེར་འདོན་ཡིག་སྒམ་jubao@suremail.cnལ་བསྐུར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། འབྲེལ་ཡོད་སྡེ་ཁག་གིས་ཐག་གཅོད་འོས་འཚམ་བྱས་ཏེ་དུས་ཚོད་བདམས་ནས་དམར་འདོན་བྱས་ཏེ་དཔང་རྟགས་ཁུངས་བཙན་དང་ངོ་བོ་ངན་པའི་ཉེས་ཅན་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱེད་པ་དང་། དུས་མཚུངས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་དང་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་ནན་པོ་བྱེད་ཀྱི་ཡོད།