ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།
ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་22ཉིན། 11:58】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་3ཚེས་19དང་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལི་ཅང་དེང་རབས་མེ་ཏོག་ཐོན་ལས་གླིང་གི་རྒྱ་སེ་མེ་ཏོག་འདེབས་འཛུགས་ཁུལ་དུ་ཡུལ་མི་དང་ལག་རྩལ་མི་སྣ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཡན་ཡན་གྱིས་པར་བླངས།
ཟླ་3ཚེས་19དང་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལི་ཅང་གནའ་གྲོང་དུ་རྟོག་ཞིབ་གནང་སྐབས་གྲོང་མི་དང་ཡུལ་སྐོར་བ་དང་སྤེལ་རེས་གནང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཡན་ཡན་གྱིས་པར་བླངས།
ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས། ཡུན་ནན་གྱིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བསམ་བློ་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད། འབད་འབུངས་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཡུན་ནན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་གཤད་གནང་བ་རེད།
ཟླ་3ཚེས་19དང་20ཉིན། ཞི་ཅིན་ཕིང་ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་དང་ཧྲེང་ཀྲང་ཝང་ཡུས་པོའོ་ཡི་ཕེབས་རོགས་འོག ལི་ཅང་དང་ཁུན་མིང་སོགས་སུ་རྟོག་ཞིབ་གནང་བར་སྔ་རྗེས་སུ་ཕེབས་པ་རེད།
ཚེས་19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ལི་ཅང་དེང་རབས་མེ་ཏོག་ཐོན་ལས་གླིང་དུ་ཕེབས་ཤིང་། འགྲེམས་སྟོན་ཚོམས་ཆེན་དུ་ཁོང་གིས་རྒྱ་སེ་མེ་ཏོག་དང་པད་མ་རྟ་རྨིག་མ་སོས་པའི་སྣ་ཁ་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བཞིན་ཡུན་ནན་གྱི་མེ་ཏོག་ཐོན་ལས་འཕེལ་རྒྱས་གནས་ཚུལ་གྱི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ཡུན་ནན་གྱི་མེ་ཏོག་ཐོན་ལས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བས། ཐོན་ལས་འཁོར་འབྲེལ་ཧྲིལ་པོར་དམིགས་ནས་སོན་ལས་མཐུད་སྣེ་དང་། འདེབས་འཛུགས་མཐུད་སྣེ། ཁྲོམ་རའི་མཐུད་སྣེ་བཅས་ནས་ཟབ་རྨོ་ཞིབ་ལས་རྒྱུན་ཆད་མེད་པར་བྱས་ཏེ“མཛེས་ལྡན་ཐོན་ལས”འདི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི“བདེ་སྐྱིད་ཐོན་ལས”ལ་འགྱུར་བར་བྱེད་དགོས།
ལི་ཅང་གནའ་གྲོང་ལ་ལོ་ངོ་800ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད། དཔྱིད་ཀྱི་ཁ་བ་ཐེངས་ཤིག་བབས་རྗེས་ལི་ཅང་དུ་ཡུལ་སྐོར་ལ་ཡོང་མཁན་ཧ་ཅང་མང་པོ་ཡོད། ཞི་ཅིན་ཕིང་འདི་གར་ཕེབས་ནས་གནའ་གྲོང་འཛུགས་སྐྲུན་གྱི་ལོ་རྒྱུས་དང་། འཇང་རིགས་ཀྱི་དམངས་སྲོལ་སྡོད་ཁང་གི་ཁྱད་ཆོས། ས་གནས་དེ་གའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གྲོང་མི་དང་ཡུལ་སྐོར་བས་སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐབས་ཧ་ཅང་དགའ་པོ་བྱུང་ཞིང་། གཅིག་རྗེས་གཉིས་མཐུད་ངང་འཚམས་འདྲི་ཞུས་པ་མ་ཟད། ལ་ལས་ད་དུང་རོལ་ཆ་དཀྲོལ་བ་དང་གླུ་ལེན་གར་འཁྲབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིར་དགའ་བསུ་ཞུས་པ་རེད།
གནའ་གྲོང་དབུས་ཀྱི་མུའུ་ཧྲི་ཐུའུ་སིའི་གཟིམ་ཤག་ཡ་ཧྲུའུ་ཡིས་ལྷོ་ནུབ་ས་ཁུལ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ལ་བདེན་དཔང་བྱས་ཡོད། ཞི་ཅིན་ཕིང་གིས་མུའུ་ཧྲི་གཟིམ་ཤག་གི་འཛུགས་སྐྲུན་གཙོ་བོར་གཟིགས་ཞིབ་གནང་བ་དང་། འཇང་རིགས་ཀྱི་སྟོན་པའི་རིག་གནས་ཞིབ་འཇུག་གི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། ཁོང་གིས། མུའུ་ཧྲིའི་གཟིམ་ཤག་ལྟ་བུའི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ལ་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རང་རྟོགས་ངང་བརྟན་པོ་འཛུགས་པར་ཁྲིད་སྟོན་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚེས་20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས། ཡུན་ནན་གྱི་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་བླང་བྱ་ཡང་བཏོན་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ཞིག་རེད། ས་གནས་ཁག་གི་ཐོན་ཁུངས་ཀྱི་རང་སྤུས་དང་རྨང་གཞིའི་ཆ་རྐྱེན་སོགས་མི་འདྲ་བས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་དམ་འཛིན་བྱེད་པར་དོན་དངོས་ནས་འགོ་བརྩམས་ཏེ་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་རང་ངོས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། ཡུན་ནན་གྱིས་ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱས་ནས་ཐོན་ཁུངས་རྣམ་པའི་ཐོན་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་སྟེ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ས་མཐོའི་ཁྱད་ལྡན་ཞིང་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་བཏང་ནས་ཐོན་ལས་ཀྱི་རིན་ཐང་འཕར་བ་དང་། ཁེ་ལས་ལ་ཕན་འབྲས་ཐོན་པ། མང་ཚོགས་ལ་འབབ་འཕར་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཁེ་ཕན་མཉམ་སྤྱོད་ཀྱི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཐོན་ལས་རིམ་བཞིན་སྤོ་སྒྱུར་ལ་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཡུན་ནན་གྱི་ས་བབ་ཆ་རྐྱེན་དམིགས་བསལ་ཡིན་པས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཨེ་ཤེ་ཡ་ལྷོ་མ་དང་ཤར་ལྷོར་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་སྐྲུན་དགོས། སྤུས་ཚད་མཐོན་པོས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བསྐྲུན་ནས་འགྲིམ་འགྲུལ་ཟོག་འགྲེམས་དང་། ནུས་རྒྱུ། གྲངས་འཛིན་ཆ་འཕྲིན་སོགས་ཀྱི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྒོ་དབྱེའི་ལས་སྟེགས་སྣ་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞིར་འགྱུར་བར་བྱེད་དགོས། དཔལ་འབྱོར་དང་། ཚན་རྩལ། ཤེས་ལྡན་པ། སྨན་བཅོས། རིག་གནས་སོགས་ཀྱི་ཐད་མཐའ་འཁོར་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཡུན་ནན་གྱི་སྐྱེ་ཁམས་གནས་བབ་གལ་ཆེ་བས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། རང་རྒྱལ་ལྷོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་རྡེའུ་ཐང་དུ་འགྱུར་བ་དང་། ས་ཆུ་ཤོར་བ། འབབ་རྒྱུད་ཆུང་གྲས་བཅས་ལ་རྒྱུན་མཐུད་ཕྱོགས་བསྡུས་བཅོས་སྒྲིག་བྱེད་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱོད་སྒོར་གཅུན་སྡོམ་དང་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་དང་གཙོ་གནད་མཚེའུ་ཡི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཡུན་ནན་དུ་མི་རིགས་མང་པོ་ཡོད་པས་མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་ཁག་ཕྱོགས་ཡོངས་ནས་ཕན་ཚུན་འབྲེལ་མཐུད་ཀྱི་ལག་ལེན་བྱ་ཐབས་རྒྱ་ཆེར་གཏོང་བ། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་འགོ་ཁྲིད་ནི་བྱ་གཞག་འཕེལ་རྒྱས་ཀྱི་རྩ་བའི་འགན་ལེན་ཡིན། ས་གནས་ཤིག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོ་པོ་ཡོད་མེད་ལ་ལྟ་བར། གལ་ཆེ་ཤོས་ཀྱི་ཕྱོགས་ནི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཡོད་མེད་ལ་ལྟ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ཏན་ཏིག་ཁུར་བ་དང་། ཚུལ་ལྡན་དང་གཞུང་དྲང་ལས་སྒྲུབ་ཀྱིས་རང་ངོས་ཀྱི་དཔེ་བཟང་བྱ་སྤྱོད་ལ་བརྟེན་ནས་ཆབ་སྲིད་ཁོར་ཡུག་དྭངས་གཙང་རྒྱུན་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཚུལ་མིན་སྤྱོད་ངན་ལ་ཡིབ་ས་མེད་པར་བཟོ་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བའི་བཀོད་སྒྲིག་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་སློབ་གསོའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་རང་རྟོགས་ངང་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དུས་བབ་ཀྱི་ལས་འགན་དང་ཟུང་འབྲེལ་བྱེད་པ། ས་གནས་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱིས་ལོ་འདི་དག་རིང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལག་ལེན་ཞིབ་ཕྲ་དང་ཟུང་འབྲེལ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྔར་བས་ཁོང་དུ་ཆུད་པ། འབྲེལ་ཡོད་སྒྲིག་ཁྲིམས་ཆད་གཅོད་སྒྲིག་སྲོལ་ཁོང་དུ་ཆུད་པ་བཅས་བྱས་ནས། གནད་དོན་བཤེར་འདོན་དང་གཅིག་སྡུད་བཅོས་སྒྲིག་བྱེད་པར་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་ཕན་ཚུན་འབྲེལ་མཐུད་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་རང་རྟོགས་ངང་སྒྲིག་ཁྲིམས་སྲུང་བ་དང་བློ་ཁོག་ཆེན་པོས་ལས་སྒྲུབ་ལས་གཏོད་བྱེད་པར་ཁྲིད་སྟོན་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།
ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།
ཟླ་3ཚེས་20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁུན་མིང་དུ་བཅའ་སྡོད་དཔུང་སྡེའི་ཧྲང་ཤའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་གཞི་རིམ་གྱི་སྔོན་ཐོན་དཔེ་བཟང་དང་ཞི་བའི་ལས་འགན་འཁུར་མཁན་གྱི་འཐུས་མིར་བྱམས་བརྩེའི་མཇལ་འཕྲད་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཁུན་མིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།