ནགས་བཟོ་རྩྭ་འདེབས་སྤྱི་ཆིང་ཁྲི་767ཟིན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་14ཉིན། 10:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་3ཚེས་12ཉིན་ནི་རང་རྒྱལ་གྱི་ཤིང་འཛུགས་དུས་ཆེན་ཨང་47པ་ཡིན་ཞིང་། རྒྱལ་ཡོངས་སྔོ་འགྱུར་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་ཉིན་དེར་ཡོངས་བསྒྲགས་བྱས་པའི་2024ལོའི་ཀྲུང་གོའི་རྒྱལ་ཁབ་ས་ཆའི་སྔོ་འགྱུར་གནས་ཚུལ་གྱི་སྤྱི་བསྒྲགས་ནང་མངོན་པར། 2024ལོར་རྒྱལ་ཡོངས་ཀྱིས་ནགས་བཟོ་སྤྱི་ཆིང་ཁྲི་444.6བྱས་པ་དང་། རྩྭ་འདེབས་སྤྱི་ཆིང་ཁྲི་322.4བྱས་པ། བྱེ་ཐང་དང་ཐང་རྒོད་དུ་གྱུར་པའི་ས་ཞིང་སྤྱི་ཆིང་ཁྲི་278.3བཅོས་སྒྲིག་བྱས་པ། ནགས་ཚལ་ཁྱབ་ཚད་25%ལྷག་ཙམ་ཟིན་པ། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་200ལྷག་ཙམ་ཟིན་ཡོད་པ་རེད།
2024ལོར་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ནགས་བཟོར་སྐུལ་འདེད་གཏིང་ཟབ་བཏང་བས་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། རང་རྒྱལ་དུ་ལོ་ཧྲིལ་པོར་རིགས་ཁག་གི་འགན་སྒྲུབ་བྱེད་སྒོ་ཁྲི་6.1ཡོངས་བསྒྲགས་བྱས་ནས“དྲ་སྦྲེལ+དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས”ཀྱི་རྟེན་གཞི་ཁག་2600ལྷག་ཙམ་བསྐྲུན་ཏེ་སྤྱི་དམངས་ཀྱིས་ཐག་ཉེ་ས་དང་། དུས་ཐོག སྣ་མང་འགན་སྒྲུབ་བཅས་ལ་ཞབས་ཞུ་བསྒྲུབས་ཡོད་པ་རེད།
ལོ་གཅིག་རིང་། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ཀྱི་གོམ་པ་བརྟན་པོ་སྤོས་ཤིང་། མཚོན་བྱེད་རང་བཞིན་གྱི་གཡུལ་འགྱེད་གསུམ་ཡག་པོ་རྒྱག་རྒྱུར་དམིགས་ནས་རྒྱ་ཁྱོན་སྤྱི་ཆིང་ཁྲི་380ལྷག་ཙམ་བཅོས་སྒྲིག་བྱས་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་མཛེས་གྱུར་གྱི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ཞིང་། “སྤྱི་གླིང་ཆུང་ངུ”ཁག་6200ལྷག་ཙམ་ལས་འགོ་ཚུགས་ནས་བསྐྲུན་པ་དང་གྲོང་ཁྱེར་གྱི་ལྗང་ལམ་སྤྱི་ལེ་7300ལྷག་ཙམ་བསྐྲུན་ཡོད་པ་རེད།
སྒྱུར་བཅོས་མུ་མཐུད་བྱེད་ཟབ་ཏུ་བཏང་ནས་སྐྱེ་ཁམས་དམངས་ཕྱུག་གི་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བ་བྱས་ཤིང་། སྤྱི་བསྒྲགས་ནང་མངོན་པར། 2024ལོའི་ལོ་ཧྲིལ་པོའི་ནགས་ཚལ་དང་རྩྭ་ཐང་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་10.17ཟིན་པ་དེ་དུས་མཚུངས་ལས་9.6%འཕར་བ་དང་། ནགས་གསེབ་བཟའ་བཅའི་ཐོན་ཚད་ཏུན་དུང་ཕྱུར་2ལྷག་ཙམ་ཟིན་ནས་འབྲུ་རིགས་དང་སྔོ་ཚལ་རྗེས་ཀྱི་ཞིང་ལས་ཐོན་རྫས་གལ་ཆེན་ཨང་གསུམ་པར་གྱུར་ཡོད། རྒྱལ་ཡོངས་ཀྱི་དཔལ་འབྱོར་ནགས་ཚལ་འདེབས་ཁྱོན་སྤྱི་ཆིང་ཁྲི་4666.7ཟིན་ནས་ལོར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་ཁྲི་2ལྷག་ཙམ་ཟིན་པ་དང་། ནགས་གསེབ་དཔལ་འབྱོར་གྱི་བེད་སྤྱོད་ནགས་ས་རྒྱ་ཁྱོན་སྤྱི་ཆིང་ཁྲི་4000ཟིན་ནས་ལོར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་ཁྲི་1ཙམ་ཟིན་པ། སྐྱེ་ཁམས་ཡུལ་སྐོར་གྱི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་27.6ཟིན་པ་དེ་དུས་མཚུངས་ལས་9.1%འཕར་ཡོད་པ་རེད།