གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་13ཉིན། 15:22】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་12ཉིན་ཁུའུ་ཨེར་སི་ཁོ་ས་ཁུལ་དུ་ལྟ་ཞིབ་གནང་སྐབས། ཁུའུ་ཨེར་སི་ཁོ་ས་ཁུལ་རྦད་དེ་ཚུར་ལེན་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་མཐའ་མཚམས་རྒྱུད་དུ་བདེ་འཇགས་ཁུལ་འཛུགས་རྒྱུར་བསམ་བློ་གཏོང་དགོས་ཞེས་བཤད་པ་རེད།
ཁེ་ལི་མུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱི་གནས་འཕྲིན་ལ་གཞིགས་ན། ཕུའུ་ཅིང་གིས་ཉིན་དེར་ཁུའུ་ཨེར་སི་ཁོ་ས་ཁུལ་གྱི་བཀོད་འདོམས་ལྟེ་གནས་ཤིག་ཏུ་འཚོགས་པའི་ཚོགས་འདུའི་ཐོག ཨུ་རུ་སུའི་ད་ལྟའི་དམག་དཔུང་གི་ལས་འགན་ནི་ཁུའུ་ཨེར་སི་ཁོ་ས་ཁུལ་གྱི་ཡུག་རེན་གྱི་དྲག་དཔུང་སྟོབས་ཤུགས་མགྱོགས་མྱུར་རྩ་གཏོར་མཐར་ཕྱིན་བཏང་ནས་མཐའ་མཚམས་རྒྱུད་ཀྱི་གནས་བབ་སླར་གསོ་བྱ་རྒྱུ་དེ་ཡིན། དུས་མཚུངས་སུ་འབྱུང་འགྱུར་རྒྱལ་ཁབ་ཀྱི་མཐའ་མཚམས་རྒྱུད་དུ་བདེ་འཇགས་ཁུལ་ཞིག་འཛུགས་རྒྱུའི་གནད་དོན་ལའང་བསམ་གཞིགས་བྱ་དགོས་ཞེས་བཤད།
ཨུ་རུ་སུའི་དྲག་དཔུང་སྟོབས་ཤུགས་ཀྱི་སྤྱི་ཁྱབ་འཐབ་ཇུས་དམག་དཔོན་ཀེ་ལ་ཞི་མོ་ཧྥུའུ་ཡིས་ཚོགས་འདུའི་ཐོག་ཕུའུ་ཅིང་ལ་སྙན་སེང་ཞུ་དུས་བཤད་དོན། ཡུག་རེན་དམག་གིས་བཟུང་བའི་ཁུའུ་ཨེར་སི་ཁོ་ས་ཁུལ་གྱི་86%ལས་བརྒལ་བ་ཨུ་རུ་སུའི་དམག་དཔུང་གིས་བླངས་ཟིན། ཨུ་རུ་སུའི་དམག་དཔུང་གིས་འདས་ཟིན་པའི་ཉིན་5ཡི་ནང་གཞིས་ཆགས་ས་24དང་སྤྱི་ལེ་གྲུ་བཞི་མ་259ཡི་མངའ་ཁོངས་ཚོད་འཛིན་བྱས་ཡོད།
ཨུ་རུ་སུས་ཚེས་12ཉིན་ཨུ་རུ་སུའི་བྱང་ཕྱོགས་ཤོག་སྒྲིག་དཔུང་ཚོགས་ཀྱི་དཔོན་རིགས་ཀྱི་སྐད་ཆ་ལུང་དྲངས་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱལ་དར་ཉིན་དེར་ཁུའུ་ཨེར་སི་ཁོ་ས་ཁུལ་སུའུ་ཅ་གྲོང་ཁྱེར་ལྟེ་བའི་ཐང་ཆེན་དུ་སྒྲེང་བ་རེད། སུའུ་ཅ་ནི་ཡུག་རེན་དམག་གིས་ཚོད་འཛིན་བྱས་པའི་ཁུའུ་ཨེར་སི་ཁོ་ས་ཁུལ་གྱི་གཞིས་ཆགས་ས་ཆེ་ཤོས་ཡིན་པ་དང་། ས་གནས་དེ་ནི་ཡུག་རེན་དམག་གིས་ཁུའུ་ཨེར་སི་ཁོ་ས་ཁུལ་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལྟེ་གནས་གཙོ་བོར་སྤྱོད་ཀྱི་ཡོད།