གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་12ཉིན། 16:05】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨ་རི་དང་ཡུག་རེན་གྱི་འཐུས་མི་ཚོགས་པས་ཚེས་11ཉིན་གྱི་དགོང་མོར་སོ་ཏི་ཨ་རབ་ཀྱི་གྲོང་ཁྱེར་ཅི་ཏ་རུ་འཚོགས་པའི་གྲོས་མོལ་མཇུག་བསྒྲིལ་བ་དང་། ཕྱོགས་གཉིས་པོས་གནས་སྐབས་དམག་མཚམས་འཇོག་རྒྱུ་དང་། གསང་འཕྲིན་མཉམ་སྤྱོད་སླར་གསོ་དང་བདེ་འཇགས་རོགས་སྐྱོར་སོགས་ཀྱི་གྲོས་དོན་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད།
གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་གཞིར་བཟུང་། ཡུག་རེན་གྱིས་ཨ་རིས་བཏོན་པའི་འཕྲལ་མར་དུས་ཡུན་ཉིན་30ལ་གནས་སྐབས་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་འགོ་དང་ལེན་བྱེད་འདོད་ཡོད་པ་བསྟན། དམག་འཁྲུག་མཚམས་འཇོག་བྱ་རྒྱུ་ནི་ཕྱོགས་གཉིས་ནས་འཐད་པ་བྱུང་བའི་གནས་ཚུལ་འོག་དུས་ཡུན་ཇེ་རིང་དུ་གཏོང་ཆོག་པར་མ་ཟད། ངེས་པར་དུ་ཨུ་རུ་སུས་དང་ལེན་བྱེད་དགོས་ལ་དུས་མཉམ་དུ་ལག་བསྟར་བྱེད་དགོས། ཨ་རི་ཕྱོགས་ནས་མྱུར་དུ་ཡུག་རེན་ལ་གསང་འཕྲིན་མཉམ་སྤྱོད་སླར་གསོ་བྱེད་པར་མ་ཟད། ཡུག་རེན་གྱི་བདེ་འཇགས་རོགས་སྐྱོར་སླར་གསོ་བྱ་རྒྱུ་རེད།
ཕྱོགས་གཉིས་པོའི་འཐུས་མི་ཚོགས་པས་ད་དུང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ལ་འབད་བརྩོན་བྱས་པ་དེ་ཞི་བདེའི་འཕེལ་རིམ་ལ་གལ་ཆེའི་རང་བཞིན་ལྡན་པ་གྲོས་བསྡུར་བྱས་པར་མ་ཟད། འབད་བརྩོན་དེ་དག་ནང་བཙན་ཉར་བྱས་པའི་མི་སྣ་བརྗེ་རེས་དང་བཙན་ཉར་བྱས་པའི་མི་སེར་གློད་འགྲོལ་གཏོང་བ་སོགས་ཚུད་ཡོད་ཅེས་བཤད་པ་རེད།
ཕྱོགས་གཉིས་ཀས་རང་སོ་སོས་གྲོས་མོལ་ཚོགས་པ་འཛུགས་རྒྱུར་མོས་མཐུན་བྱས་པར་མ་ཟད། འཕྲལ་མར་གྲོས་མོལ་བྱེད་འགོ་བཙུགས་ཏེ་ཡུག་རེན་ཡུན་རིང་ཞི་བདེ་ཡོང་བ་དང་ཡུག་རེན་ཡུན་རིང་བདེ་འཇགས་ཡོང་བར་འགན་སྲུང་བྱས་པ་རེད།
གསལ་བསྒྲགས་ཀྱི་མཇུག་ཏུ་ཨ་རི་དང་ཡུག་རེན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཡུག་རེན་གྱི་འགག་རྩའི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུའི་ཕྱོགས་ཡོངས་ཀྱི་གྲོས་མཐུན་ཞིག་གང་མགྱོགས་འཇོག་རྒྱུར་མོས་མཐུན་བྱུང་བ་དང་། ཡུག་རེན་གྱི་དཔལ་འབྱོར་ལ་ཤུགས་སྣོན་བརྒྱབ་ནས་ཨ་རིའི་རོགས་སྐྱོར་གྱི་མ་གནས་དམའ་རུ་བཏང་བར་མ་ཟད། ཡུག་རེན་ཡུན་རིང་དར་རྒྱས་དང་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བཤད་པ་རེད།
ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེའི་དགོང་མོ་སྨྱན་སྦྱོར་ཐོག་ཡི་གེ་བསྐུར་ནས། ཨ་རི་དང་ཡུག་རེན་གྱི་ཅི་ཏ་གྲོས་མོལ་གྱི་ཕན་འབྲས་ལེགས་པར་མ་ཟད་འཛུགས་སྐྲུན་རང་བཞིན་ལྡན་ཞེས་བཤད། ཡུག་རེན་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་བཏོན་པའི་ཉིན་30ཡི་རིང་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་གཞི་དང་ལེན་བྱེད་འདོད་ཡོད་མོད། འོན་ཀྱང་ཨ་རི་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་ལ་གཅིག་མཚུངས་ཀྱི་བྱེད་ཐབས་སྤྱོད་རྒྱུའི་གོ་སྐོན་བློ་འགུག་བྱེད་དགོས། གལ་ཏེ་ཨུ་རུ་སུ་ཕྱོགས་འཐད་པ་བྱུང་ན། དམག་མཚམས་འཇོག་རྒྱུར་འཕྲལ་མར་ནུས་པ་ཐོན་རྒྱུ་རེད་ཅེས་བཤད།
ཨ་རིའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་ཕྱི་ནས་སྨྱན་སྦྱོར་ལ་བཤད་རྒྱུར། ཨུ་རུ་སུས་ཀྱང་ཉིན་སུམ་ཅུའི་རིང་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་པའི་རེ་བ་ཡོད། ཁོས་དོན་དག་འདི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཁ་བརྡ་བྱ་རྒྱུ་ཡིན། ཙེ་ལེན་སི་ཅི་ཕོ་བྲང་དཀར་པོར་ཡང་བསྐྱར་གདན་འདྲེན་ཞུ་མིན་འདྲི་སྐབས། ཐེ་རོན་ཕུ་ཡིས་གདན་འདྲེན་ཞུ་ཁོ་ཐག་ཡིན་ཞེས་བཤད།