འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་12ཉིན།

༄༅།།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད།

(2025ལོའི་ཟླ་3ཚེས་10ཉིན་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་12ཉིན། 10:31】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་2025ལོའི་ཟླ་3ཚེས་4ནས་10ཉིན་བར་པེ་ཅིང་དུ་འཚོགས་པ་རེད།

   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་ནས་ཨུ་ཡོན་རྣམ་པ་དང་ལྷན་དུ་རྒྱལ་དོན་གླེང་གནང་བ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། རང་འགན་གཙང་སྒྲུབ་ཧུར་ཐག་དང་། གྲོས་མོལ་སྲིད་གླེང་ཏན་ཏིག གྲོས་རིམ་ཁག་བདེ་བླག་ངང་ལེགས་སྒྲུབ་བཅས་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

   ཚོགས་འདུའི་ཐོག་ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་གནང་བ་དང་། ཅང་ཙུའོ་ཅུན་གྱིས་གནང་བའི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་གནང་བ་རེད། ཨུ་ཡོན་རྣམ་པ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཟུར་ཞུགས་གནང་ནས་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ། དེ་བཞིན་འབྲེལ་ཡོད་སྙན་སྒྲོན་གཞན་དག་སོགས་ལ་གྲོས་བསྡུར་གནང་ནས་མོས་མཐུན་ཡོད་ཅེས་གསུངས་པ་དང་འབྲེལ་དགོངས་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བབ་བརླིང་ངང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། ཕྱོགས་བསྡུས་ཇུས་བསྟར། འགག་སྒྲོལ་དཀའ་སེལ། འབད་འབུངས་ཡར་བརྩོན་བཅས་བྱས་པས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཁྲོད་ཡར་ཐོན་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཏན་ཏིག་ཐེབས་པ། སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་བྱུང་བ། དམངས་འཚོར་འགན་ལེན་ཏན་ཏིག་དང་ནུས་ལྡན་བྱུང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱུང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་བཏོད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆོད་སེམས་དང་གདེང་ཚོད་སྔར་བས་བརྟན་དུ་ཕྱིན་ཡོད།

    ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱས་དོན། ཀྲུང་གུང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལེགས་པར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་དང་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་ལྡན་ཡོད། མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་བས་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་ཡོང་བ་བྱེད་དགོས།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་། གནད་འཁེལ་དོན་ཟབ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། དེ་ལས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པའི་བདེན་དོན་གྱི་འོད་ཟེར་འཕྲོས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་ཡིན་པར་གོ་བ་གཏིང་ཟབ་ལེན་པ་དང་། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དང་མི་དམངས་སྲིད་གྲོས་རྩ་འཛུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ངོ་བོར་ངོས་འཛིན་གཏིང་ཟབ་བྱེད་པ། རྒྱང་ལམ་གསར་པར་མི་དམངས་སྲིད་གྲོས་ལས་དོན་གྱི་ཤུགས་རྒྱག་ས་གཙོ་བོ་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ནས། སྲིད་གྲོས་ལས་དོན་ལེགས་པར་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས། མི་དམངས་སྲིད་གྲོས་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་སྲིད་གླེང་ཇུས་འབུལ་བྱས་པ་དང་སྲིད་གྲོས་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་བས། ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།

     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་བརྩིས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་སོགས་ཐད་ཀྱི་གཙོ་གནད་དང་། དཀའ་གནད། གླེང་མང་བ་བཅས་ཀྱི་གནད་དོན་ལ་དམིགས་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། གྲོས་མོལ་སྲིད་གླེང་གཏིང་ཟབ་བྱེད་པ། དམངས་གཙོའི་ལྟ་སྐུལ་བྱེད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་པོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཡོང་བར་རམ་འདེགས་བྱེད་དགོས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་དམིགས་པ་དང་ཁྱབ་ཁོངས་ལས་བརྒལ་བའི་ཆེད་དོན་ཞིབ་འཇུག་སྒྲིག་འཛུགས་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བར་ཐབས་དང་ཇུས་བཟང་པོ་འདོན་དགོས།

     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པ་དང་ཐུན་མོང་གི་ངོས་འཛིན་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན། མི་དམངས་སྲིད་གྲོས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ཆབ་སྲིད་ནུས་པ་དེ་བས་ཡག་པོ་བཏོན་ནས་མི་དམངས་སྲིད་གྲོས་ནང་ཞུགས་པའི་ཏང་ཤོག་ཁག་དང་ཚོགས་པ་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བསམ་བློ་གཅིག་མཐུན་དང་། ལངས་ཕྱོགས་གཅིག་མཐུན། ལས་སྒྲུབ་ཁ་ཕྱོགས་གཅིག་མཐུན་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། ཨུ་ཡོན་གྱི་དཔེ་ཀློག་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་། ཆབ་སྲིད་གསོ་སྦྱོང་བཅས་རྒྱུན་དུ་སྤེལ་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཏང་དང་སྲིད་གཞུང་གིས་སྲིད་ཇུས་དྲིལ་བསྒྲགས་དང་། འགལ་ཟླ་སེལ་བ། སྔོན་དཔག་བརྟན་པོ། གདེང་ཚོད་འཕེལ་བ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་པ་དང་རིགས་ཁོངས་ཀྱི་མང་ཚོགས་དང་འབྲེལ་ཡོད་ཕྱོགས་ཁག་གིས་དཔལ་འབྱོར་གྱི་དུས་བབ་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་ཕྱོགས་ཡོངས་ནས་རྩོད་སྒྲུབ་ཀྱིས་ལྟ་སྟངས་འཛིན་པར་ཁྲིད་སྟོན་བྱས་ཏེ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས། སྙིང་གཏམ་ཤོད་རེས་དང་མཐུན་འབྲེལ་གྲོགས་སྒྲིག་གི་ལས་དོན་ཟབ་ཏུ་གཏོང་བ་དང་། ཨུ་ཡོན་གྱིས་རིགས་ཁོངས་ཁག་གི་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང“དམངས་ལ་ཞབས་འདེགས་ཞུ་བའི”འགན་སྒྲུབ་བྱེད་སྒོ་ཏན་ཏིག་སྤེལ་ཏེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་སེམས་པ་དྲོད་པ་བཅས་དེ་བས་ཡག་པོ་བྱེད་དགོས།

     རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་བཏོན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཏང་ཕྱིའི་ཤེས་ཡོན་ཅན་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་བཅས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་གནད་འཁེལ་དང་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་འགྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་དང་རིགས་ཁོངས་ཁག་གི་ཁྱད་ལྡན་ནུས་པ་སྔར་བས་ཡག་པོ་བཏོན་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ཕན་ནུས་ཆེ་རུ་གཏོང་དགོས། སྲིད་གྲོས་ཀྱི་ཕྱི་ཕྱོགས་མཛའ་གྲོགས་འགྲོ་འོང་གསར་གཏོད་བྱས་ནས། ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོ་མི་དམངས་དམངས་གཙོའི་གཏམ་རྒྱུད་ཡག་པོ་བརྗོད་དེ་ཀྲུང་ཧྭར་ཤེས་རྟོགས་དང་ཀྲུང་ཧྭར་དགའ་ཞེན་བྱེད་པའི་གྲོགས་ཚོགས་རྒྱ་ཆེར་འགྲོ་བར་རམ་འདེགས་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་ཀྱི་ཐོབ་ཐང་ལ་གཅེས་འཛིན་དང་། ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར། ཆབ་སྲིད་ནུས་པ་ཆེར་གཏོང་བཅས་བྱས་ནས། སྲིད་གྲོས་ལ་རྒྱུས་ལོན་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན། ཀུན་སྤྱོད་ལ་མཐོང་ཆེན་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་འགན་སྒྲུབ་ཀྱི་ཐོག་ནས་སྲིད་གྲོས་ཨུ་ཡོན་གྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་སྲིད་གྲོས་ལས་ཁུངས་ཀྱི་འཛུགས་སྐྱོང་ཁག་ལ་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། བྱང་ཚད་མཐོ་བ། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་བཏོད་པ་དང་། ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་དགོས།

     ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་འབྱོར་བའི་གློག་འཕྲིན)