འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་8ཉིན།

༄༅།།ཨུ་ཡོན་ཀྲང་དབྱི་ཡིས་གསུངས་དོན། ངས་བཏོན་པའི་གྲོས་གཞིར་ཁས་ལེན་ཐོབ་བྱུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་08ཉིན། 14:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཅུས་ཡུན་ཕུང་།

ཉིན་ཤས་གོང་། ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས་ཧུང་ཆའོ་ཁྲོམ་གཞུང་ཀུའུ་པེ་གྲོང་མི་ལྟེ་གནས་སུ་གསར་འགོད་པར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཅིན་ཏུའུ་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་མཐོ་རིམ་རོགས་ཟླ་ཀྲང་དབྱི་ཐུག་བྱུང་།

ཨུ་ཡོན་ཀྲང་དབྱི་ཡིས་བཏོན་པའི《དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་གང་མགྱོགས་བཟོས་ནས་འདོན་རྒྱུའི་སྐོར་གྱི་གྲོས་གཞི》དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་2024ལོ་འཁོར་གྱི་གྲོས་གཞི་ཡག་གྲས་ལ་བདམས་ཤིང་། ཁོང་གིས་གྲོགས་ཚོགས་ནང་ནས་ལག་ཁྱེར་བསྟན་བྱུང་།

ཀྲང་དབྱི་ཡིས“ཉེ་བའི་ལོ་ཤས་རིང་། ངས་དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོང་བྱེད་པར་དམིགས་བསལ་དོ་ཁུར་བྱེད་ཀྱི་ཡོད”ཅེས་གསུངས། ཁྲིམས་རྩོད་པ་ཞིག་ཡིན་པའི་ཀྲང་དབྱི་ཡིས་བཅའ་ཁྲིམས་ཀྱི་མིག་རྒྱང་ཐོག་ནས་གནད་དོན་ལ་ལྟ་གི་ཡོད་ཅིང་། ཁོང་གིས“ངོ་བོ་མི་འདྲ་བའི་ཁེ་ལས་ལ་དམིགས་ནས། ང་ཚོར་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་བཅའ་ཁྲིམས་དང་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་སོགས་ཡོད་ཀྱང་། དམངས་གཉེར་དཔལ་འབྱོར་ལ་ཆེད་མངགས་དམིགས་པའི་བཅའ་ཁྲིམས་མེད”ཅེས་གསུངས།

ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་ཀྲང་དབྱི་ཡིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་མུ་མཐུད་དོ་ཁུར་གནང་ཡོད། ཁོང་གིས་ད་ཡོད་བཅའ་ཁྲིམས་མ་ལག་ཁྲོད་ཀྱི་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་ནང་དོན་སྐོར་གྱི་གཏན་འབེབས་གང་ལེགས་སྤྱད་དེ། གཉེར་སྐྱོང་བྱེད་པོར་དེ་བས་སྤུས་ལེགས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས་པའི་གྲོས་འགོ་བཏོན་གནང་ཞིང་། “རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་འབད་བརྩོན་བྱས་ན་དམངས་གཉེར་ཁེ་ལས་ཀྱི་གསོན་ཤུགས་དེ་བས་ཆེ་རུ་འགྲོ་ངེས་རེད”ཅེས་གསུངས་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)