འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་4ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ལུས་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་གསུང་། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་04ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། པུའུ་དབྱི་རིགས་ཀྱི་གྱོན་ཆས་རྒྱུན་འཛིན་པ་ལི་ལུ་ནི་ཀུའེ་ཀྲོའུ་པུའུ་དབྱི་རིགས་ཀྱི་བུ་མོ་ཞིག་ཡིན། ཆུང་དུས་ནས་ཨ་མའི་ཟུར་ནས་རི་མོ་འབྲི་བ་དང་རས་ལ་ཚོན་རྒྱག་པ། གྱོན་ཆས་བཟོ་བ་སོགས་ཀྱི་ལག་རྩལ་སློབ་སྦྱོང་བྱས་པ་རེད། ལོ་མང་རིང་ཕྱི་རོལ་དུ་འབད་བརྩོན་བྱས་པ་བརྒྱུད། 2015ལོར་ལི་ལུས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་པུའུ་དབྱི་རིག་གནས་ལ་དགའ་ཞེན་བཅངས་ནས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆིང་ལུང་རྫོང་བྱ་ར་གྲོང་རྡལ་ཙི་ཐང་གྲོང་ཚོར་ལོག་ནས་ལས་གཏོད་བྱས་པ་དང་། ཁོང་གིས་སྲོལ་རྒྱུན་རིག་གནས་དེ་རྒྱུན་ལྡན་གྱི་འཚོ་བའི་ནང་མཉམ་འདྲེས་ཐུབ་པ་དང་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སེམས་ཐག་བཅད་པ་རེད།

2023ལོར་ལི་ལུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་པ་རེད། ལི་ལུ་ཡིས་སྲོལ་རྒྱུན་གྱི་ལག་རྩལ་ཁ་ཤས་རྒྱུན་ཆད་པའི་ཉེན་ཁར་འཕྲད་པར་དོ་སྣང་བྱས་པ་དང་ཆབས་ཅིག གཞོན་ནུ་ཚོར་སྤྲོ་སྣང་ཡོད་ཀྱང་སློབ་སྦྱོང་བྱེད་ས་མེད་པ་ཤེས་རྟོགས་བྱུང་བས་ཁོང་གིས་ལོ་ན་གཞོན་པའི་འཚེམ་དྲུབ་མ་དང་གྱོན་ཆས་བཟོ་མཁན་གྱི་ལག་རྩལ་པ་གསོ་སྦྱོང་བྱ་རྒྱུར་དེ་བས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།

མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག ལི་ལུས་གློག་རྡུལ་ཚོང་དོན་ལས་སྟེགས་ལ་བརྟེན་ནས་རིག་གནས་གསར་གཏོད་ཐོན་རྫས་ཁྱབ་གདལ་དང་ཕྱིར་ཚོང་བྱ་རྒྱུར་ཐབས་ལམ་གསར་པ་མཁོ་འདོན་བྱས་པ་དང་། ལས་སྟེགས་ཁག་གི་ནུས་པར་བརྟེན་ནས་ཐུན་མོང་མ་ཡིན་པའི་རིག་གནས་གསར་གཏོད་ཐོན་རྫས་དེ་དག་འཛད་སྤྱོད་པ་དེ་བས་མང་བས་མཐོང་ཐུབ་པ་བྱས་ཏེ། ས་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོས་ཏེ་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་འཚེམ་དྲུབ་མ་ཚོར་དཔལ་འབྱོར་ཕན་འབྲས་ཐོབ་པ་བྱས་པ་དང་། དུས་རབས་གསར་པར་མི་རིགས་ཀྱི་རིག་གནས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་སུ་བཅུག་ནས། གར་སྟེགས་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་སུ་བསྐྱོད་དུ་བཅུག་པ་རེད།