འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཆིའུ་ཡུས། ཡའོ་ཞུའེ་ཆིང་།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་04ཉིན། 11:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཞུས་ཀུང་འཕྲུལ་ཆས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ། ཙུང་ཚའེ་གཞོན་པ་བཅས་ཡིན་པའི་ཧྲན་ཙེང་ཧའེ་ཞོགས་པ་སྔ་པོ་ནས་ཞུས་ཀུང་ཞིབ་འཇུག་སྤྱི་ཁྱབ་ཁང་དུ་བསྐྱོད་པ་དང་། ཁོང་གིས་ཞིབ་དཔྱད་ཚད་ལེན་ཡོ་ཆས་སྤྱད་དེ་ལྗིད་འདེགས་འཕྲུལ་འཁོར་ཐོག་འཛེགས་ནས་ཚོད་ལྟའི་སྟེགས་བུའི་ཐོག་གི་གྲངས་གཞི་རེ་རེ་བཞིན་ཟིན་ཐོར་འགོད་བཞིན་མཆིས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པས། ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་མ་གཞི་གྲ་སྒྲིག་ཚགས་ཚུད་པོ་བྱས་ཡོད་མོད། འོན་ཀྱང་། ཁོང་གིས་ད་དུང་འཐུས་སྒོ་ཚང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད།
ཧྲན་ཙེང་ཧའེ་ཡི་སེམས་ཤུགས་དེ་ནི“སྤུས་ཚད་མཐོ་བའི་འཕེལ་རྒྱས་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གླེང་ཐབས་བྲལ”ཞེས་པའི་བཀའ་མོལ་དེ་ལས་བྱུང་བ་ཞིག་ཡིན་པ་དང་། བཀའ་མོལ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2023ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་མངགས་བཅོལ་ཟབ་མོ་ཞིག་རེད།
གྲོས་ཞིབ་ནང་ཞུགས་སྐབས། ཧྲན་ཙེང་ཧའེ་སྤྱི་ཁྱབ་ཧྲུའུ་ཅིའི་ཁ་སྤྲོད་དུ་བསྡད་ཡོད་ཅིང་། ཁོང་གིས་བཀའ་མོལ་དེ་ནན་ཏན་གྱིས་ཉན་པ་དང་བློ་ལ་ཡག་པོ་ངེས་ཡོད་པ་རེད། དེ་ནི་ཧྲན་ཙེང་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཐག་ཉེ་པོས་སྤེལ་རེས་བྱེད་ཐེངས་གཉིས་པ་ཡིན་པ་དང་། ཐེངས་དང་པོ་ནི་2017ལོའི་ཟླ་12པར་སྤྱི་ཁྱབ་ཧྲུའུ་ཅི་ཞུས་ཀུང་ཚོགས་པར་རྟོག་ཞིབ་གནང་བར་ཕེབས་སྐབས་ཡིན་པ་རེད། ཉིན་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོས་ཞུས་ཀུང་གིས་ཡོངས་སུ་རང་བདག་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་ས་ངོས་ཡོངས་ཀྱི་འཁོར་དབྱིབས་ལྗིད་འདེགས་འཕྲུལ་འཁོར་གྱི་ཁ་ལོ་བ་སྡོད་སར་ཕེབས་ནས། ལག་རྩལ་གྱི་ཞིབ་ཕྲའི་གནས་ཚུལ་དང་བཀོལ་སྤྱོད་བརྒྱུད་རིམ་སྐོར་བཀའ་འདྲི་གནང་སྐབས། ཚང་མར“གསར་གཏོད་ནི་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པའི་འབྱུང་ཁུངས་ཡིན་པས། ལྟེ་བའི་ལག་རྩལ་མང་པོ་ཞིག་ནི་སློང་མི་ཐུབ་པ་དང་ཉོ་མི་ཐུབ་པ་ཞིག་རེད”ཅེས་མངགས་བཅོལ་གནང་ཡོད།
གྲོས་ཞིབ་གནང་ཡུལ་དུ་ཧྲན་ཙེང་ཧའེ་ཡིས་དགའ་ཚོར་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ“སྐབས་དེར་ཁྱེད་རང་བཞུགས་སའི་ས་ངོས་ཡོངས་ཀྱི་འཁོར་དབྱིབས་ལྗིད་འདེགས་འཕྲུལ་འཁོར་གྱི་འགག་རྩའི་དམིགས་ཚད་དེ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་། རང་རྒྱལ་ནས་བཟོ་ཚད་དེ་སྔའི་71%ནས་100%བར་མཐོ་རུ་ཕྱིན་ཡོད”ཅེས་གཏམ་བཟང་དེ་སྙན་སེང་ཞུས།
སྤྱི་ཁྱབ་ཧྲུའུ་ཅིས་དབུ་ལྕོག་ལྕོག་གནང་བཞིན་དུ“ཁྱེད་ཚོའི་བཟོ་སྐྲུན་འཕྲུལ་ཆས་བཟོས་ཟིན་པ་མ་ཟད། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་པ་དེ་ཧ་ཅང་ཡག་པོ་རེད”ཅེས་གསུངས།
ཧྲན་ཙེང་ཧའེ་ཡིས“སྤྱི་ཁྱབ་ཧྲུའུ་ཅིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་ལ་ནན་བཤད་ཡང་ཡང་གནང་སྟེ། ‘བློ་རྩེ་གཅིག་སྒྲིམ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས་པ’དང‘འཕེལ་རྒྱས་ཀྱི་གཞི་ཚུགས་ས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི’བླང་བྱ་ཁ་གསལ་བཏོན་གནང་བས། ང་ཚོས་ཡིད་ཆེས་བརྟན་པོ་དང་། སྒྲུབ་པ་གཙོ་བཟུང་གིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས”ཞེས་བརྗོད།
མིག་སྔར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཞུགས་མྱོང་བའི་ས་ངོས་ཡོངས་ཀྱི་འཁོར་དབྱིབས་ལྗིད་འདེགས་འཕྲུལ་འཁོར་གྱི་ཐོན་རྫས་རབ་དང་རིམ་པར་ཚད་བརྒལ་གསར་པ་བྱུང་སྟེ། ཏུན་4000རིམ་པའི་ཞུས་ཀུང་XCA4000འཁོར་དབྱིབས་ལྗིད་འདེགས་འཕྲུལ་འཁོར་གྱིས་རང་ཉིད་ཀྱིས་གསར་གཏོད་བྱས་པའི“གོ་ལ་ཧྲིལ་པོའི་ལྗིད་འདེགས་འཕྲུལ་འཁོར་དང་པོའི”ཟིན་ཐོ་གསར་པ་ཐེངས་བདུན་བཏོད་ཡོད་པ་རེད།
ཞུས་ཀུང་ཚོགས་པས“གློག་རྫས”ཐོན་སྐྱེད་བྱས་འདུག “ལས་རིགས་སྒྲོལ་བའི་བཀོལ་སྤྱོད”འདིར་ལས་རིགས་ནང་ཁུལ་དུ་སྐད་གྲགས་ངེས་ཅན་ཆོད་ཡོད།
ཧྲན་ཙེང་ཧའེ་ཡིས“ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རེད”ཅེས་བརྗོད་པ་དང་། ཁོང་གིས། ཞུས་ཀུང་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི་ཆེད་སྤྱོད་གློག་རྫས་བླུགས་པའི་ས་བླུག་འཕྲུལ་འཁོར་གཅིག་གིས་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་130ཉུང་དུ་གཏོང་ཐུབ་ཅེས་བརྗོད།
ཧྲན་ཙེང་ཧའེ་ཡིས་སྤོབས་པ་ཆེན་པོས“འཕྲུལ་འཁོར་དེ་བཏང་ན་གློག་སྒུལ་རླངས་འཁོར་དང་འདྲ་བར་འདར་སྒྲ་འཛེར་སྒྲ་ཧ་ལམ་མེད”ཅེས་བརྗོད་པ་དང་། སྒྲིག་ཆས་དེར་གློག་གསོག་པར་ཆུ་ཚོད་གཅིག་ཀྱང་འགོར་གྱི་མེད། ཉིན་ལྟར་འབུད་རྫས་མ་གནས་སྒོར་1500གྲོན་ཆུང་ཐུབ་ཀྱི་ཡོད། “མིག་སྔར་མངགས་ཐོ་ཧ་ཅང་མང་པོ་ཡོད”ཅེས་བརྗོད།