འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་3ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལུའུ་ཏན་གྱིས་གྲོང་ཚོའི་སྦྲང་རྩི་ལས་དོན་
འཕེལ་རྒྱས་ཡག་པོ་གཏོང་དགོས་པ་གསུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་03ཉིན། 13:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའུ་ཏན་ནི་ཀུའེ་ཀྲོའུ་ཞིང་ཆེན་ཨན་ཧྲུན་གྲོང་ཁྱེར་ཀྲེན་ཉིང་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་རྫོང་ལིའུ་མ་གྲོང་རྡལ་ཕྱུག་པོ་གྲོང་ཚོའི་ཏང་ཀྲི་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན། ཁོང་ནི་ཡུན་རིང་གཞི་རིམ་དུ་སྦྲང་མངར་ལིའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གཞི་འཛིན་སར་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བས། ས་གནས་དེ་གའི་གྲོང་མི་ཚོས་ཧྲུའུ་ཅི་མངར་མོ་ཞེས་བརྗོད་སྲོལ་དར་ཡོད།

    ཉེ་བའི་ལོ་ཤས་རིང་། ལུའུ་ཏན་གྱིས་ས་གནས་དེ་གའི་དོན་དངོས་གཞིར་བཟུང་། གྲོང་མིའི་སྣེ་ཁྲིད་དེ་སྦྲང་མངར་ལི་དང་ཨ་མོང་སོགས་ཁྱད་ཆོས་ལྡན་པའི་ཤིང་ཏོག་འདེབས་འཛུགས་འཕེལ་རྒྱས་བཏང་ཡོད། ཁོང་གིས་ཞིང་ལས་ཆེད་མཁས་ཅན་གདན་འདྲེན་ཞུས་ནས་འདེབས་འཛུགས་ལག་རྩལ་ལ་མཛུབ་ཁྲིད་བྱས་པ་དང་། འབྲས་ཤིང་དོ་དམ་སྲུང་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་འདེབས་འཛུགས་རྒྱ་ཁྱོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ། སྦྲང་མངར་ལི་སོགས་ཤིང་ཏོག་འདེབས་འཛུགས་གཞི་ཁྱོན་ཅན་དང་ཐོན་ལས་ཅན། སྤུས་རྟགས་ཅན་བཅས་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་ཀྱི་རིན་ཐང་འཕར་རྒྱུ་དང་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད། “ཀྲེན་ཉིང་སྦྲང་མངར་ལི་”ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཐོ་འགོད་བདེན་དཔང་ཐོབ་པ་དང་། ལིའུ་མ་གྲོང་རྡལ་ལ་རྒྱལ་ཡོངས་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བཅུ་ལས་བརྒལ་བའི་གྲོང་རྡལ་ཞེས་གདེང་འཇོག་ཐོབ་པ་རེད།

     འགན་འཁྲི་སྒྲུབ་རིང་། ལུའུ་ཏན་གྱི་སེམས་པ་ཐོག་མཐའ་བར་གསུམ་དུ་ཕྱུག་འགྱུར་གྲོང་ཚོའི་གྲོང་མི་རྣམས་ལ་བཅངས་ཡོད། ཁོང་མོས་ཕྱུག་འགྱུར་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་ཐད་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་བྱས་ཡོད།