གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་27ཉིན། 13:42】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་དབང་མོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་རྒན་རྒོན་བདག་སྐྱོང་ཁང་གི་ཡོན་ཀྲང་ཡིན། ནད་གཡོག་པ་ནས་འཚར་ལོངས་བྱུང་བའི“90ལོར་སྐྱེས་པའི”གཞི་རིམ་འཐུས་མི་འདིས་ལོ་16རིང་རྒན་གསོ་ཞབས་ཞུའི་ལས་རིགས་སུ་བྲེལ་འཚུབ་ཆེན་པོ་བྱུང་ཡོད། རྒན་རྒོན་གྱི་བཟའ་བཏུང་དང་འཚོ་བ་ལ་ལྟ་རྟོག་ཡག་པོ་བྱེད་པ་ནས་རྒན་རྒོན་ཚོ་སྣེ་ཁྲིད་དེ་བདེ་སྲུང་ལུས་རྩལ་སྦྱོང་བ་དང་། སེར་མོ་སོགས་གཙང་ཕྱི་བྱེད་ཀྱིན་ཡོད། བཀྲ་ཤིས་དབང་མོ་ཡིས་རྒན་རྒོན་ཚོ་ལ་མཚོན་ན་སེམས་ཁམས་ཐད་ལ་སེམས་གསོ་བྱ་རྒྱུ་དང་དངོས་པོའི་ཐད་ལ་ལྟ་རྟོག་བྱ་རྒྱུ་ནི་འདྲ་མཉམ་གལ་ཆེ་བ་ཡིན་པ་གསལ་པོ་ཤེས་པ་རེད།
འགན་འཁྲི་སྒྲུབ་སྐབས་སུ་བཀྲ་ཤིས་དབང་མོ་ཡིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒན་གསོའི་ནད་གཡོག་མི་སྣའི་ཆེད་ལས་རྩལ་ནུས་གསོ་སྦྱོང་དང་ཡུལ་དངོས་ནས་རྒན་གསོའི་ནད་གཡོག་པའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་བརྟག་དཔྱད་ཞིབ་འཇུག་བྱས་ནས། མང་ཚོགས་ཀྱི་བསམ་འཆར་བསྡུ་རུབ་བྱས་པར་མ་ཟད། བསམ་འཆར་དང་ཐབས་ཇུས་ཧུར་ཐག་ཀྱང་བཏོན་པ་རེད། བཀྲ་ཤིས་དབང་མོ་ད་དུང་དམངས་སྲིད་སྡེ་ཚན་དང་གྲོང་ཚོ་དང་གྲོང་རྡལ་མང་པོར་བསྐྱོད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་གསར་ཤོས་དང་རྒན་རྒོན་ཚོགས་སྤྱིའི་གནས་ཚུལ་ཤེས་རྟོགས་དང་གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་ཚོའི་སེམས་ཀྱི་སྐད་ཆ་ཉན་པ་རེད།
སྲུང་ཞེས་པ་ནི་རྒན་རྒོན་རྣམས་ལ་ཡུན་རིང་བརྟན་སྲུང་དང་རོགས་པ་བྱེད་པ་མཚོན་གྱི་ཡོད། རེ་བ་ནི་རྒན་གསོ་བྱ་གཞག་གི་འབྱུང་འགྱུར་འཕེལ་རྒྱས་ཀྱི་རེ་བ་ཡིན། ངའི་བདེ་སྐྱིད་ཀྱི་འཚོ་བ་ནི་རྒན་རྒོན་རྣམས་ཀྱིས་ང་ལ་བཅངས་པའི་བརྩེ་དུང་ཟབ་མོ་དང་ཡིད་ཆེས་ལས་བྱུང་བ་ཡིན། ངས་ཀྱང་བྱ་གཞག་འདི་མུ་མཐུད་རྒྱུན་འཁྱོངས་བྱས་ནས་རྒན་རྒོན་རྣམས་ལ་ལ་ཁའི་ཉི་མ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་ཞེས་བཀྲ་ཤིས་དབང་མོས་དེ་ལྟར་བཤད།
2025ལོའི་རྒྱལ་ཡོངས་ཚོགས་འདུའི་ནང་བཀྲ་ཤིས་དབང་མོ་ཡིས་མི་རིགས་ས་ཁུལ་གྱི་གྲོང་གསེབ་རྒན་རྒོན་གྱི་རྒན་གསོའི་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སོགས་ཀྱི་གྲོས་གཞི་ལ་དོ་སྣང་བྱ་རྒྱུ་ཡིན་པ་རེད།