གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་26ཉིན། 10:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“པེ་ཅིང་གི་དཀྱིལ་ཐིག”མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་བདེ་བླག་བྱུང་ཚུན། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་འབོར་ཆེན་གྱིས་དབྱིངས་ཞུགས་རྣམ་པའི་ཐོག་ནས་དཀྱིལ་ཐིག་གི་ཐུན་མིན་གྱི་རིག་གནས་མྱོང་རོལ་བྱེད་པར་ཡོང་གི་ཡོད། ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པས་པེ་ཅིང་ཕྱི་སྐད་སློབ་ཆེན་གྱི་རྒྱལ་ཁོངས་མ་ཏ་ཀ་སི་ཁར་ནས་ཡིན་པའི་དགེ་རྒན་ཐང་ལེ་དང་པེ་ཅིང་སློབ་ཆེན་གྱི་རྒྱལ་ཁོངས་དབྱི་ཐ་ལི་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་ཞའོ་མེ་དང་མཉམ་དུ་པེ་ཅིང་གི་དཀྱིལ་ཐིག་ཏུ་གནས་པའི་ཇིང་ཧྲན་སྤྱི་གླིང་དང་། ཀྲུང་ཀུའུ་ཐོག་ཁང་། ཀྲེང་དབྱང་མེན་ཅན་ཐོག་ཁང་། གཞུང་སྒོའི་ཁྲོམ་གཞུང་ཆེ་མོ་སོགས་སུ་ལྟ་སྐོར་སྤྲོ་གསེང་བྱས་ནས་དཀྱིལ་ཐིག་གི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་གསོག་བཅུད་དང་རིག་གནས་རྒྱུན་འཛིན་ལ་མྱོང་རོལ་བྱས་པ་ཡིན།
2024ལོར“པེ་ཅིང་གི་དཀྱིལ་ཐིག-ཀྲུང་གོའི་འདོད་མཐུན་གྲོང་ཁྱེར་གྱི་མཛད་པ་ཕུལ་བྱུང”《འཛམ་གླིང་གི་ཤུལ་བཞག་མིང་གཞུང》དུ་བཅུག་སྟེ་པེ་ཅིང་གི་དཀྱིལ་ཐིག་དེ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་པེ་ཅིང་དུ་ཡུལ་སྐོར་་ཡོང་བའི་གདམ་ག་ཡག་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ཀྲུང་གོར་ལོ་9ཙམ་འཚོ་བ་བསྐྱལ་བའི་ཐང་ལེ་ཡིས་པེ་ཅིང་གི་དཀྱིལ་ཐིག་ལ་མི་རྣམས་ཧང་སངས་དགོས་པའི་ཨར་སྐྲུན་དང་མཛེས་ལྗོངས་ཡོད་པ་མ་ཟད། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་དེ་བས་ཡིན་པས་མི་རྣམས་ལ་གནའ་མིའི་བློ་གྲོས་བསྡུ་ལེན་བྱས་ནས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་བློ་སྒོ་ཕྱེ་བའི་ངོས་འཛིན་བྱེད་ཀྱི་ཡོད།