འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་26ཉིན།

སི་ཁྲོན་མཛོད་དགེ་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ།

༄༅།།ས་མཐོའི་རྫོང་གྲོང་ཆུང་ངུར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། སུང་ཧའོ་ཤིན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་26ཉིན། 10:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    གྲོང་ཁྱེར་གྱི་བྱ་བ།

    དཔྱིད་གསར་སྐབས་སུ་ཁ་བས་རི་ཀླུང་བརྒྱན། ལོ་ལེགས་ཡོང་བའི་སྔ་ལྟས་བཟང་པོ་མངོན།

    དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ས་སྲོས་འཆར་རིམ་བཞིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མཛོད་དགེ་རྫོང་གྲོང་ལྟེ་གནས་ཀྱི་བྱང་ཕྱོགས་ཐང་ཆེན་དུ་སྙན་འཇེབས་ཀྱི་གླུ་དབྱངས་དང་བསྟུན་ནས་ཐག་རིང་ནས་ཕེབས་པའི་ཡུལ་སྐོར་བ་དང་ས་གནས་ཀྱི་མང་ཚོགས་མཉམ་དུ་སྒོར་གཞས་འཁྲབ་བཞིན་འདུག

    “ང་ཚོ་ཆུང་དུས་ནས་སྒོར་གཞས་འཁྲབ་རྒྱུར་དགའ་པོ་ཡོད། སྐབས་དེ་དུས་རྫོང་དུ་སྒོར་གཞས་འཁྲབ་ས་རྒྱ་ཆེན་པོ་དེ་འདྲ་མེད་པས། ཚང་མས་སྒོ་རའི་ནང་ངམ་ཡང་ན་ལམ་འགྲམ་དུ་སྒྲ་བསྡུ་འཕྲུལ་འཁོར་འཁྱེར་ནས་སྒོར་གཞས་འཁྲབ་ཀྱི་ཡོད”ཅེས་མཛོད་དགེ་རྫོང་སྒོར་གཞས་རུ་ཁག་གི་རུ་མི་ཞིག་གིས་དེ་ལྟར་བཤད། ཕྱིས་སུ་གྲོང་ཁྱེར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པར་བརྟེན་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྫོང་གྲོང་དུ་ཐང་ཆེན་བསྐྲུན་པས་ཚང་མར་སྒོར་གཞས་འཁྲབ་ས་རྒྱ་ཆེན་པོ་ཞིག་བྱུང་ཡོད།

    གྲོང་མི་ཞིག་གིས“ཉིན་ལྟར་དགོང་ཟས་བཟས་རྗེས། ང་ཚོ་བྱང་ཕྱོགས་ཐང་ཆེན་དུ་སྒོར་གཞས་འཁྲབ་པར་འགྲོ་གི་ཡོད། མི་རྒན་པས་སྒོར་གཞས་འཁྲབ་ཞོར་ཁྱིམ་ཚང་གི་སྐོར་གླེང་བ་དང་། ཕྲུ་གུ་ཚོ་ཐང་ཆེན་དུ་འཁོར་ཤུད་གློད་པ་དང་། བྱ་སྒྲོའི་སྤོ་ལོ་རྒྱག་པ། རྐང་འཁོར་བཞོན་པ་བཅས་བྱས་པས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

    སྙན་འཇེབས་རོལ་དབྱངས་ལས་མཛོད་དགེ་རྫོང་མི་དམངས་ཀྱི་སྤྲོ་སྣང་དང་བག་ཕེབས་ཀྱི་གཤིས་རྒྱུད་མངོན་པ་མ་ཟད། ས་གནས་མང་ཚོགས་དང་ཡུལ་སྐོར་བའི་དབར་གྱི་བར་ཐག་ཀྱང་ཉེ་རུ་ཕྱིན་ཡོད།

   གྲོང་ཁྱེར་གྱི་མཚོན་རྟགས།

    རྨ་ཁུག་དང་པོའི་ཡུལ་ལྗོངས་མཛེས། གཡག་སྟོན་དུས་ཆེན་དགའ་གཏོང་བྱེད།

    མཛོད་དགེ་རྫོང་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པ་དང་རང་བྱུང་ཡུལ་ལྗོངས་ལྷག་པར་མཛེས་ལ་བརྗིད་ཉམས་ལྡན་པ་ཞིག་ཡོད། ཐག་རིང་ནས་བཞུར་བའི་རྨ་ཆུ་ཡུལ་དེ་བརྒྱུད་སླར་ཡང་ནུབ་བྱང་ནས་ཀན་སུའུ་ཕྱོགས་སུ་བཞུར་ཏེ་གྱ་མ་གྱུ་འགྲོའི་འབྲུག་གཟུགས་ཀྱི་རྣམ་པ་ཞིག་གྲུབ་ཅིང་། རྨ་ཁུག་དང་པོ་རྫོང་དེའི་ཐང་སྐོར་གྲོང་རྡལ་དང་གཤམ་མན་གྲོང་རྡལ་གྱི་འབྲེལ་མཚམས་སུ་ཡོད།

     རྨ་ཆུ་བཞུར་སའི་གནས་དེར་རང་བྱུང་མཛེས་ལྗོངས་དང་རིག་གནས་ཀྱི་ནང་དོན་ཟབ་པར་བརྟེན་ས་གནས་ཁག་གི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་ཀྱི་བརྟན་པ་འཕྲོག་ཡོད། དེའི་ཁྲོད་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་རིག་གནས་མཚོན་རྟགས་ཀྱི་གྲས་ཤིག་ནི་གཡག་སྟོན་དུས་ཆེན་ཡིན།

     གཡག་སྟོན་དུས་ཆེན་མཛོད་དགེའི་གནའ་བོའི་སྐྱས་སྤོས་འབྲོག་པའི་སྲོལ་རྒྱུན་ནས་དར་ཅིང་། ས་གནས་དེ་གའི་མི་རྣམས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་བཀྲ་ཤིས་སྨོན་འདུན་མཚོན་པའི་དུས་ཆེན་ཞིག་ཡིན་ལ། ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་དང་སྲོལ་རྒྱུན་སྒྱུ་རྩལ་མངོན་པར་བྱེད་པའི་སྐར་ཁུང་ཞིག་ཀྱང་ཡིན། དུས་ཆེན་རིང་། མཛོད་དགེ་རྫོང་གི་ཕྱོགས་མཚམས་ཀུན་ཏུ་སྤྲོ་སྣང་གི་རྣམ་པས་ཁེངས་ཤིང་། མི་རྣམས་ཀྱིས་གཟབ་མཆོར་ལེགས་པ་སྤྲས་ནས་གླུ་ལེན་གར་འཁྲབ་བྱེད་པས་ཧ་ཅང་འཁྲུག་པོ་ཡོད། སྒོར་གཞས་ཀྱི་སྟངས་སྟབས་ལས་མེས་པོ་ཚོས་རྩྭ་ཐང་སྟེང་འབད་འཐབ་བྱེད་པའི་ངོ་མཚར་གཏམ་རྒྱུད་བརྗོད་པ་དང་མཚུངས། གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་གི་འོད་ཟེར་ཕྱོགས་བཞིར་འཕྲོ་ལ། མཛེས་སྡུག་ལྡན་པའི་ཐང་ག་དང་ཐུན་མོང་མ་ཡིན་པའི་འཚེམ་དྲུབ་ཚང་མར་མཛོད་དགེའི་མི་དམངས་ཀྱི་བརྩོན་འགྲུས་དང་བློ་གྲོས་འདུས་ཡོད།

     གཡག་སྟོན་དུས་ཆེན་ད་ཆ་མཛོད་དགེའི་མཛེས་སྡུག་ལྡན་པའི་རིག་གནས་དང་ཡུལ་སྐོར་གྱི་མིང་བྱང་དུ་གྱུར་ནས་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་གྱིས་རྫོང་གྲོང་གི་འདས་ཟིན་པའི་ལོ་རྒྱུས་དང་འབྱུང་འགྱུར་སྦྲེལ་མཐུད་བྱས་ཡོད། 2024ལོར་མཛོད་དགེའི་གཡག་སྟོན་དུས་ཆེན་ཐོག་རྟ་རྒྱུག་དང་བྱེས་བགྲོད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་ཞིག་ལྟ་བར་སླེབས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། གཡག་སྟོན་དུས་ཆེན་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་49.4ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15%འཕར་ཡོད་པ་རེད།