གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་24ཉིན། 14:04】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་2ཚེས་28ནི་བོད་ཤིང་སྦྲུལ་ལོའི་ཟླ་དང་པོའི་ཚེ་གཅིག་རེད། བོད་ཀྱི་ལོ་གསར་ལ་ཉེ་བ་དང་བསྟུན་ནས་ལྷ་སའི་ལོ་གསར་ཚོང་ར་ཡང་ཉིན་ཤས་རིང་ཧ་ཅང་འཁྲུག་པོར་གྱུར། ས་གནས་དེ་གའི་མི་ཕུད། ཁྱད་ཆོས་ལྡན་པའི་བཟོ་རྩལ་ཐོན་རྫས་དང་ཞིམ་ཟས་ཀྱིས་ཡུལ་སྐོར་བའང་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།
ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་སུ་གནས་པའི་བར་སྐོར་ཚོང་ར་ནི་ལྷ་སའི་ལོ་གསར་ཚོང་ར་ཆེ་ཤོས་གྲས་ཤིག་རེད། འདི་ལོར་དེ་གར་འགྲེམས་ས་ཆིག་སྟོང་ལྷག་ཙམ་བཙུགས་ཡོད་པ་དེའི་ནང་བཟོ་རྩལ་སྤུས་ལེགས་ཀྱི་ཟངས་ཆས་དང་ཁ་གདན་བཏགས་མ་སོགས་ལོ་གསར་གྱི་དངོས་ཟོག་ཡོད་པ་མ་ཟད། ཁ་ཟས་དང་། ཆུར་བ། ཤ་སྐམ་སོགས་བོད་ཀྱི་ལོ་གསར་དུ་མེད་དུ་མི་རུང་བའི་ཁྱད་ལྡན་སིལ་ཟས་ཀྱང་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་“ལོ་གསར་དུས་ཆེན་སྐབས་གསུམ་པ་དང་མི་དམངས་སྟབས་བདེའི་འཚོ་བའི་དུས་ཆེན་”གཉེར་བཞིན་ཡོད་པ་དང་། དེ་གར་ཚོང་པ་320ལྷག་ཙམ་འདུས་ཡོད་པ་རེད། དེ་གར་ཚང་མས་“ལོ་གསར་གྱི་རྩེ་སྒྲོ་”དང་། ལོ་ཕུད། གྲོ་སོ་ཕྱེ་མ་སོགས་བོད་ཀྱི་ལོ་གསར་གྱི་ཁྱད་ལྡན་དངོས་ཟོག་ཉོ་རྒྱུ་ཡོད་པ་མ་ཟད། ཨར་ཀ་གཅོག་པའི་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་ཡང་རོལ་མྱོང་ཐུབ་པ་དང་། བོད་རང་སྐྱོང་ལྗོངས་ཡིག་མཁན་མཐུན་ཚོགས་ཀྱི་ཡིག་འབྲི་མཁས་ཅན་ཚོས་ས་གནས་དེ་རང་དུ་དཔྱིད་གསར་དུས་ཆེན་གྱི་ཤིས་ཚིག་འབྲི་བའི་ལོ་གསར་གྱི་རྣམ་པ་ཁེངས།