འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་19ཉིན།

༄༅།།བརྟན་པོ། འཁྲུག་པོ། དར་རྒྱས།

——2024ལོར་བོད་ཀྱིས་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་19ཉིན། 10:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    གསར་འགོད་པས་ཟླ་2ཚེས་17ཉིན་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར། 2024ལོར་ཁྱད་ལྡན་ཐོན་ལས་ཕྱིར་གཏོང་དང་། ཁྲོམ་ར་སྣ་མང་རྒྱ་བསྐྱེད། འགག་སྒྲོལ་སྟབས་བདེ་ཅན་སོགས་ཐད་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་ཚད་བརྒལ་གསར་པ་བྱུང་ཡོད། མཐའ་མཚམས་ཚོང་དོན་ཁྲོམ་ར་ལེགས་སུ་རྒྱུན་མཐུད་ཕྱིན་པ་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་བྱུང་བས། ནུས་རྒྱུ་གསར་པའི་ཐོན་རྫས་ཕྱི་ཕྱོགས་ཚོང་དོན་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་སྒོར་དུང་ཕྱུར་126.72ཟིན་ནས་དུས་མཚུངས་ལས་15.4%འཕར་ཡོད།

    བརྟན་པོ། ས་མཐོའི་དཔལ་འབྱོར་ཚོང་དོན་གྱི་རྨང་གཞི་དེ་བས་བརྟན་པོ་ཡོང་བར་བྱས་པ།

    “ང་ཚོའི་ཀུང་སིས་བལ་དང་ཁུ་ལུ་ལས་སྣོན་གྱི་ལས་སྒོ་གཙོ་གཉེར་བྱེད་ཀྱི་ཡོད། ཐོན་རྫས་གཙོ་བོ་ནེ་པ་ལ་དང་། ཡོ་རོབ། ཨ་མེ་རི་ཁ་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་དུ་འཚོང་གི་ཡོད་པས། ས་གནས་དེ་གའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད། ད་ལོའི་ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོ་མང་དུ་ཕྱིན་པ་མ་ཟད། མཁོ་མཁན་ཚོགས་པའང་ཇེ་མང་དུ་འགྲོ་བཞིན་འདུག”ཅེས་བོད་ལྗོངས་ཧྲེང་ཤིན་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལྷག་པ་འཕྲིན་ལས་ཀྱིས་བཤད།

     2024ལོར། བོད་ཀྱི་བལ་དང་ཁུ་ལུ། “བོད་ཀྱི་ཆུ་བཟང”སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར་གྱི་འགག་སྒོ་ལས་སྒྲོལ་བ་དང་དུས་མཚུངས་ལས་20%ལྷག་ཙམ་འཕར་ཡོད། ལྷ་སའི་ནས་ཆང་དང་། གཞིས་རྩེའི་ལུག་གསོན་པོ། ལྷོ་ཁའི་ཀུ་ཤུ་སོགས་ཐོན་རྫས་ཕྱི་རྒྱལ་གྱི་ཁྲོམ་རར་བཏང་ཡོད་པ་རེད།

    2024ལོར། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་ཆ་ལེགས་སུ་རྒྱུན་མཐུད་ཕྱིན་པ་དང་སྤྱིར་བཏང་ཚོང་དོན་གྱིས་ནུས་པ་བརྟན་པོ་མུ་མཐུད་བཏོན་ཏེ་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་70ལས་བརྒལ་ནས་བསྡུར་ཚད་བཅུ་ཆ་ལྔ་ལས་བརྒལ་ཡོད། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་ཚོང་དོན་བྱེད་སྟངས་གསར་པ་མགྱོགས་མྱུར་ལག་ལེན་བསྟར་བ་དང་། 2024ལོར་བོད་ཀྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་B2Bཐད་ཀར་ཕྱིར་གཏོང་བྱེད་པའི་ལས་སྒོ་ཐོག་མ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར་15.9ཟིན་ཡོད།

     “ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འགག་སྒྲོལ་སྟབས་བདེ་ཅན་དང་ཁ་འབྲལ་ཐབས་མེད། ལྷ་ས་འགག་སྒོས་ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་བཏང་ནས་མངའ་ཁོངས་ཞིབ་བཤེར་གྱི‘དྲ་ཐོག་མཆན་སྤྲོད’མ་ལག་བརྒྱུད་འབྲེལ་ཡོད་ལག་ཁྱེར་འཕྲལ་དུ་སྙན་སེང་ཞུ་བ་དང་། འཕྲལ་དུ་ཞིབ་བཤེར། འཕྲལ་དུ་མིང་རྟགས་བཀོད་ནས་ཐོ་འགོད་དོན་ཚན་མང་པོ་ཞིག ‘ཐེངས་གཅིག་ལ་སྒྲུབ་པ་དང་། མཉམ་དུ་སྒྲུབ་པ། དུས་ཐོག་ཏུ་སྒྲུབ་པ’བཅས་བྱས་ཡོད། 2024ལོར་དམངས་གཉེར་ཁེ་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱིས་བོད་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་98.6%བཟུང་སྟེ་ཕྱི་ཕྱོགས་ཚོང་དོན་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད”ཅེས་ལྷ་ས་འགག་སྒོ་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་ཁྲུའུ་ཀྲང་ཆུང་བདག་གིས་བཤད།

     འཁྲུག་པོ། ཕྱིར་གཏོང་རྒྱ་ཆེར་རྒྱུན་མཐུད་བཏང་བ།

    “སྔོན་མ་རྒྱལ་མཚམས་སྒྲོལ་བའི་རེ་ཞུ་བྱེད་སྐབས་མཛུབ་རིས་དབྱེ་འབྱེད་བྱེད་དགོས་ཀྱི་ཡོད་སྟབས། གྲོགས་པོ་ཁ་ཤས་ངལ་རྩོལ་དུས་ཡུན་རིང་བས་མཛུབ་རིས་བརྡར་ནས་རེ་ཞུའི་དུས་ཚོད་ཅུང་རིང་པོ་འགོར་གྱི་ཡོད། ད་ཆ་ངོ་གདོང་གིས་དབྱེ་འབྱེད་བྱེད་ཐུབ་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་ནེ་པ་ལ་ནས་འདག་རྫས་དང་སོ་སྨན་སོགས་འཚོ་བའི་མཁོ་ཆས་ཉོ་བར་འགྲོ་རྩིས་ཡོད་པའི་སྐྱིད་གྲོང་རྫོང་གི་གྲོང་མི་ལྷ་མོས་བཤད།

     བོད་ལྗོངས་སྒོ་དབྱེ་བྱས་པ་དང་བསྟུན་ནས་མཐའ་མཚམས་མི་དམངས་ཀྱི་ཚོང་དོན་འཁྲུག་ཆ་རིམ་བཞིན་སླར་གསོ་བྱུང་ཡོད། 2024ལོར་བོད་ཀྱི་སྲོལ་རྒྱུན་ཚོང་དོན་ས་ཚིགས་14སྒོ་དབྱེ་སླར་གསོ་བྱས་ནས་མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཚོང་དོན་དང་མཐའ་མིའི་ཚོང་འབྲེལ་ཚོང་དོན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་35.32དང་སྒོར་དུང་ཕྱུར་0.44སོ་སོར་ཟིན་ཡོད།

    བོད་ལྗོངས་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མའི་ཕྱོགས་སུ་སྒོ་དབྱེ་བྱས་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་དབང་གིས་རྒྱལ་སྒྲོལ་ཚོང་དོན་སྔར་བས་འཕེལ་རྒྱས་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། སྐྱིད་གྲོང་དང་། འགྲམ། སྤུ་ཧྲེང་བཅས་སྲོལ་རྒྱུན་གྱི་ནེ་པ་ལའི་འགག་སྒོ་ཆེན་པོ་གསུམ་ཕན་ནུས་ཆེ་ཞིང་བདེ་བླག་ངང་གཉེར་སྐྱོང་བྱེད་པ་དང་། ལེགས་རྩེ་འགག་སྒོ་ཤར་གཏོང་ལས་གཉེར་ཐུབ་པ། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་རྒྱལ་སྤྱིའི་མཁའ་ལམ་གཅིག་བསྣན་ཡོད། 2024ལོར་བོད་ཀྱི་འགག་སྒོའི་ལྟ་སྐུལ་དོ་དམ་ཟོག་འདྲེན་བསྡོམས་འབོར་ཏུན་ཁྲི་26ཟིན་ནས་དུས་མཚུངས་ལས་45.8%འཕར་ཡོད།

    བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ཚང་མར་རྒྱལ་སྤྱིའི་ཚོང་དོན་གཉེར་བ་དང་ཉོ་ཚོང་ཐོན་རྫས་སྣེ་ཁ་2000ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    དར་རྒྱས། ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ།

     “རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་གློག་སྒུལ་ཅན་དང་རིག་ནུས་ཅན་གྱི་ཁྱབ་ཁོངས་ཀྱི་ལེགས་ཆར་ནེ་པ་ལའི་མི་སེར་གྱི་དགའ་བསུ་ཐོབ་ཚད་མང་དུ་འགྲོ་བཞིན་ཡོད། ད་ལྟ་རླངས་འཁོར་ལྷ་ས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་ནས་འགྲམ་འགག་སྒོར་ཐད་ཀར་སྐྱེལ་ཆོག་པ་དང་། རླངས་འཁོར་གཏོང་ཐེངས་རེར་སྐར་མ་30ལས་འགོར་གྱི་མེད”ཅེས་བོད་ལྗོངས་ཤུས་ཏ་ཐུང་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུན་ཡུང་གིས་བཤད།

    ཉེ་བའི་ལོ་ཤས་རིང་། ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རའི་དགོས་མཁོ་དང་ཧ་ཅང་མཐུན་པའི“ཐོན་གསར་གསུམ”ཕྱིར་གཏོང་མྱུར་པོ་བྱས་པ་དང་། 2024ལོར་བོད་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་སོགས་ཕྱིར་གཏོང་བྱས་པའི་དངོས་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3.3ཟིན་ཡོད།

    འགྲམ་འགག་སྒོར་ཚོང་བརྒྱབ་ནས་དུས་ཡུན་རིང་པོ་སོང་བའི་བློ་བཟང་གིས“འགྲམ་འགག་སྒོ་ཤར་གཏོང་ཐུབ་པ་ལས། ནེ་པ་ལར་ཚོང་རྒྱག་མཁན་ང་ཚོ་དང་འདྲ་བའི་ཀྲུང་གོའི་ཚོང་པར་སྟབས་བདེ་ཆེན་པོ་བསྐྲུན་བྱུང”ཞེས་བཤད། འགྲམ་འགག་སྒོ་ནི་ཀྲུང་གོ་དང་ནེ་པ་ལའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་ཚོང་དོན་འགྲོ་འོང་སྔར་བས་མང་དུ་ཕྱིན་ནས་2024ལོར་འགག་སྒོ་ལས་ཁུངས་ཀྱིས་འགྲམ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་35ལ་ལྟ་འདོམས་བྱས་ཡོད།

    གོམ་སྟབས་རྗེས་མར་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒྲོལ་བྱེད་སྟངས་གསར་པ་གཏོད་ནས་ཟོག་འགྲེམས་སྐྱེལ་འདྲེན་གྱི་ལས་ཕྱོད་དང་ཁྱོན་ཡོངས་ཀྱི་འགག་སྒྲོལ་ཕན་ནུས་ཆེ་རུ་གཏོང་རྒྱུ་དང་། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། རྒྱབ་སྐྱོར་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་གཏན་འབེབས་བྱ་རྒྱུ། མཐའ་མཚམས་ཚོང་དོན་ཁྲོམ་ར་ཚད་ལྡན་ཅན་འཛུགས་སྐྲུན་གཉེར་སྐྱོང་དང་ནུས་པ་ལེགས་སུ་གཏོང་བ་དང་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། འགག་སྒོའི་ནུས་པ་རྒྱ་བསྐྱེད་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་བཏང་ནས་ས་ཁོངས་ཀྱི་འགག་སྒོའི་མཐུན་སྦྱོར་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ། རིག་ལྡན་འགག་སྒོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་བཅས་རེད།