འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་17ཉིན།

༄༅།།ལྕགས་ལམ་བདག་སྐྱོང་བཟོ་པའི་ཉམས་བཟང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་17ཉིན། 10:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། མ་ཀྲེན་ཏུང་། ཕན་ཧའོ།

    ཟླ་2ཚེས་6ཉིན་ཏེ་དཔྱིད་གསར་དུས་ཆེན་གྱི་ཚེས་དགུ་ལ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཚྭ་འདམ་ཆེ་བ་སྲིད་འཛིན་ཨུ་ལྷན་གྱི་མྱ་ངམ་ཐང་དུ་བྱེ་རླུང་འུར་འུར་དུ་ལྡང་ནས་ནམ་མཁའ་རྡུལ་གྱིས་ཁེངས།

    མཚོ་བོད་ལྕགས་ལམ་ཤིས་ཐེ་ཧྲན་ས་ཚིགས་ནས་ཏ་པུའུ་ཤུན་ས་ཚིགས་ཁུལ་བར་གྱི་གཏེར་ལེན་ཁ་ལམ་དུམ་ཤིས་ཐེ་ཧྲན་ཟམ་པ་དང་ཕུག་ལམ་ཉམས་བཟོ་ཁུལ་གྱི་ལས་བཟོ་རྣམས་ཐལ་རླུང་དྲག་པོའི་ཁྲོད་སྔར་བཞིན་ལས་ཀ་བྱེད་བཞིན་འདུག

     ཆུ་ཚོད་10དང་སྐར་མ་41ལ་ལས་འགོ་ཚུགས། ཁོང་ཚོར་ལས་སྒྲུབ་ཀྱི་དུས་ཡུན་སྐར་མ་119རང་ལས་མེད་པས། དཀའ་ཚེགས་ཆེ་བའི་ཁོར་ཡུག་དེ་ལྟ་བུའི་མདུན་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས་ཀྱི་ཡོད། ཆི་ཧྲེང་ཀྲུང་གིས་ཚང་མའི་སྔོན་ལ་འཐབ་ས་དང་པོར་བསྐྱོད། ཁོ་པའི་གྲང་འགོག་མགོ་ཤུབས་ཀྱང་ལྷགས་པས་གདོང་ལ་དམ་པོར་སྦྱར་ཏེ། ཁོ་པའི་ཞུམ་མེད་ཀྱི་བྱད་བཞིན་ཡང་མིག་ལམ་དུ་གསལ་ལེར་མངོན། ཁོ་པས་སྦྱག་མ་ལག་ཏུ་དམ་པོར་བཟུང་ཞིང་། རྐང་པ་གཉིས་བྱེ་མའི་ནང་བརྟན་པོར་བཙུགས་ཏེ་གྱང་ལྟར་མཐུག་པའི་བྱེ་ཕུང་ནུས་ཤུགས་ཡོད་རྒུས་གཤོང་བཞིན་འདུག ལས་དཔོན་ཀྲང་ཡུང་བྱེ་རླུང་ཁྲོད་སྐྱོད་སྐབས། རྐང་འོག་ནས་བྱེ་མའི་སྒྲ་ཧྲག་ཧྲག་གྲགས། ཁོང་གིས་མགྱོགས་མྱུར་ཆི་ཧྲེང་ཀྲུང་གི་འགྲམ་དུ་བསྐྱོད་དེ་སྐད་ཤུགས་ཆེན་པོས“ལའོ་ཆི། དངངས་འཚབ་མ་བྱེད། དུས་ཚོད་ད་དུང་འདུག”ཅེས་ཕྲག་པར་ལྕག་ཙམ་ལྕག་ཙམ་བྱས་ནས་སེམས་ཤུགས་སྦྱིན། ཆི་ཧྲེང་ཀྲུང་གིས་དབུགས་ཧལ་བཞིན“བྱེ་ཕུང་མཐུག་པའི་སྒང་ལ། ལྷགས་པ་ཆེ་བས་དཀའ་ལས་འདུག”ཅེས་བཤད། ཀྲང་ཡུང་གིས་མིག་གཉིས་རྒྱང་རིང་གི་བྱེ་ཕུང་ལ་ལྟ་བཞིན་སྐད་ཤུགས་ཆེན་པོས“དཀའ་ཚེགས་ཆེ་ཡང་ལས་འགན་ལེགས་སྒྲུབ་བྱས་ནས་མེ་འཁོར་ཤར་གཏོང་ཐུབ་པར་བྱེད་དགོས”ཞེས་བཤད།

     ན་སོ་གཞོན་པའི་ལུའོ་ཧྲེང་མིང་དཔུང་ཁག་དང་མཉམ་དུ་འབད་འཐབ་བྱེད་བཞིན་མཆིས། ཁོ་པ་ནི་བཟོ་ཁུལ་གྱི་ལོ་ན་ཆུང་ཤོས་ཀྱི་ལས་བཟོ་ཡིན་པ་དང་ཕ་ཡུལ་ཀོང་ཤིས་ཡུས་ལིན་ནས་རེད། བྱེ་མ་གཤོང་སྐབས་ལག་པ་ན་ཟུག་གིས་མནར་ན་ཡང་། ཁོ་པས་སྡུག་རུས་བྱེད་ཀྱིན་འདུག

     བྱེ་མ་གཤོང་རིམ་བཞིན་ཁོ་པས་སྦྱག་མ་བྱེ་མའི་གཏིང་རིང་སར་བརྒྱབ་སྟེ་ཐེངས་གཅིག་ལ་བྱེ་མ་གང་མང་མང་གཤོང་ཐབས་བྱེད་བཞིན་ཡོད། སྦྱག་མ་བྱེ་རྡོར་རྒྱག་སྐབས་གྲགས་པའི་རྣ་བར་གཟན་པའི་སྒྲ་ནི་ཁོ་པས་བྱེ་རླུང་དང་འཐབ་འཛིང་དྲག་པོ་བྱས་པ་དང་གཉིས་སུ་མ་མཆིས།

     ཀྲང་ཡུང་གིས་ལུའོ་ཧྲེང་མིང་ལ“ཞའོ་ལུའོ། ཐང་ཆད་ན་ངལ་གསོ་བརྒྱབ། ཨུ་ཚུགས་མ་བྱེད”ཅེས་བཤད། ལུའོ་ཧྲེང་མིང་གིས་ངོ་གདོང་གི་རྔུལ་ཆུ་དང་ཐལ་རྡུལ་འཕྱིས་ཏེ“ལས་དཔོན་ལགས། སྣང་དག་མི་འདུག ང་ལོ་ན་གཞོན་པས་སྡུག་རུས་བྱེད་ཐུབ”ཅེས་བཤད།

     ཁོང་ཚོ་ཚང་མ་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་དང་ཡུལ་ལུང་དང་ཡུལ་སྐད་གཅིག་པ་མིན་མོད། འོན་ཀྱང་མཚོ་བོད་ལྕཌ་ལམ་སྲུང་བའི་ཐུན་མོང་གི་ལས་འགན་སྒྲུབ་ཆེད་འདི་གར་མཉམ་དུ་འཛོམས་ཡོད། བྱེ་རླུང་འུར་འུར་དུ་ལྡང་ཡང་ཁོང་ཚོས་ངལ་དུབ་ལ་མི་སྐྲག་པར་ལྕགས་ལམ་བདེ་འཇགས་ངང་ཤར་བགྲོད་ཐུབ་པར་བྱེད་པའི་ལས་འགན་བློ་གཅིག་སེམས་གཅིག་གིས་སྒྲུབ་བཞིན་འདུག

    ཤིས་ཐེ་ཧྲན་ཟམ་པ་དང་ཕུག་ལམ་ཉམས་བཟོ་ལས་ཁུལ་གྱིས་མཚོ་བོད་ལྕགས་ལམ་k682+000ནས་k720+000བར་གྱི་སྤྱི་ལེ་38ཡི་ལྕགས་ལམ་བདག་སྐྱོང་ཉམས་བཟོའི་འགན་ཁུར་གྱི་ཡོད། ལས་ཡུལ་དུ་ལས་བཟོ་17ཡོད་པ་དང་ཆ་སྙོམས་ལོ་ཚད་27ཟིན་པའི་ན་གཞོན་དཔུང་ཁག་ཅིག་རེད། ཁོང་ཚོས་ལོ་ལྟར་བྱེ་རླུང་དང་འཐབ་སྟེ་ལང་ཚོ་དང་རྔུལ་ཆུར་བརྟེན་ནས་ལྕགས་ལམ་གྱི་བདེ་འཇགས་སྲུང་གི་ཡོད། མཚོ་བོད་ལྕགས་ལམ་སྐྱེལ་འདྲེན་བརྟན་པོ་ཐུབ་རྒྱུའི་ངོས་ནས་བརྗོད་ན། ཁོང་ཚོའི་ལས་ཀ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།

     ནང་ས་དང་བོད་ལྗོངས་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་སྲོག་རྩ་གལ་ཆེན་ཞིག་ཡིན་པའི་མཚོ་བོད་ལྕགས་ལམ་གྱིས་འགྲུལ་ཟོག་སྐྱེལ་འདྲེན་གྱི་ལས་འགན་འཁུར་གྱི་ཡོད་ལ། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་དངོས་ཟོག་འཁོར་རྒྱུག་ལ་འགན་སྲུང་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཀྱང་རེད། ཤིས་ཐེ་ཧྲན་ནས་ཏ་པུའུ་ཤུན་བར་གྱི་བྱེ་རླུང་གི་གནོད་འཚེས་མཚོ་བོད་ལྕགས་ལམ་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་གི་ཡོད།

     འཁོར་ལམ་དུ་བྱེ་གསོག་ཐེབས་ན། ལྕགས་ལམ་གྱི་མཉེན་ཤུགས་ལ་སྐྱོན་རྒྱག་པ་དང་མེ་འཁོར་བརྟན་པོའི་ངང་བསྐྱོད་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལ། བྱེ་རླུང་གིས་ཟད་པའི་ལྕགས་ལམ་ཆག་སླ་པོ་ཡོད་པས་ཉེན་ཁའི་གནས་ཚུལ་སོགས་ཐོན་སྲིད། དེར་བརྟེན་ལྕགས་ལམ་བདག་སྐྱོང་ལས་བཟོ་ཚོ་ནི་མཚོ་བོད་ལྕགས་ལམ་གེགས་མེད་ཤར་བགྲོད་ཐུབ་པ་དང་། འགྲུལ་པའི་ཕྱིར་སྐྱོད་བདེ་འཇགས་ལ་འགན་སྲུང་བྱེད་པ། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྒྱབ་རྟེན་བརྟན་པོ་ཞིག་རེད།

     ལོ་མང་རིང་། བཟོ་ཁུལ་གྱི་ལས་བཟོ་ཚོས་འཚོལ་ཞིབ་ཡང་ཡང་དང་ཉམས་མྱོང་བསགས་ཏེ་རྩྭ་དང་རྡོ། བྱེ་འགོག་གྱང་། “HDPEདམའ་བའི་བྱེ་འགོག་པང”སོགས་བྱེ་འགོག་བྱེ་བཅོས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་བྱེ་མ་འཇགས་ཐབས་བྱས་མོད། འོན་ཀྱང་བྱེ་རླུང་ཡང་ཡང་ལྡང་བར་བརྟེན་སྐབས་འགར་ལྕགས་ལམ་བྱེ་མས་བསྣུབས་ཀྱི་ཡོད།

    རྩྭ་བཟོས་ལིང་ཚེའི་བྱེ་ཡོལ་སྤྱད་ནས་ཚྭ་འདམ་གྱི་བྱེ་རླུང་འགོག་ཆེད། བཟོ་པ་ཚོས་རྔུལ་ཆུ་གྲངས་མེད་བཏོན་ཞིང་། ནམ་ལངས་མ་ཐག་ཁོང་ཚོས་སོག་མ་དང་ལག་ཆ་ཁྱེར་ནས་འུར་འུར་གྱི་བྱེ་རླུང་ཁྲོད་དཀའ་ཚེགས་ཆེན་པོས་མདུན་སྐྱོད་བྱེད།

     དགུན་ཁར་གནམ་གཤིས་གྲང་ལ་ལྷགས་པ་ཆེ་བས་ངོ་གདོང་ལ་བཟོད་པར་དཀའ་བའི་ན་ཟུག་བཏང་ཡང་། ཁོང་ཚོས་དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་བྱེད་ཅིང་། ཁོང་ཚོས་རང་ཉིད་ཀྱི་འབད་བརྩོན་དེ་ལྕགས་ལམ་གྱི་བདེ་འཇགས་དང་འགྲུལ་པ་གྲངས་མེད་ཀྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པ་གསལ་པོ་ཤེས་ཀྱི་ཡོད།

     ཆུ་ཚོད་2ཙམ་རིང་གི་བྱེ་བཤངས་ཀྱི་ལས་ཀ་ཚར་རྗེས་ཀྲང་ཡུང་གིས་ཚ་ཕོར་ནས་ཆུ་ཁོལ་ཧུབ་གང་བཏུང་། དེ་གར་གྲང་ངར་ཆེ་བས་ཚ་ཕོར་ནི་མེད་དུ་མི་རུང་བ་ཞིག་རེད། གཏེར་ཆུ་དང་སྤྱིར་བཏང་ཕོར་བ་ཡིན་ཚེ་ཆུ་ཚོད་གཅིག་ཀྱང་མ་འགོར་བར་འཁྱགས་པ་ཐེབས་ཀྱི་ཡོད། ཀྲང་ཡུང་གིས་ཚ་ཕོར་སྟེང་གི་ཐལ་བ་འཕྱིས་ཙམ་བྱས་ནས་ཆུ་ཁོལ་བཏུང་།

     ལས་ཐག་བཅད་པའི་ལམ་བར་དུ་ལུའོ་ཧྲེང་མིང་དང་ལས་རོགས་ཚོ་ངལ་དུབ་ཆེ་བའི་རྐྱེན་གྱིས་རླངས་འཁོར་ནང་དེ་མུར་གཉིད་ལ་ཤོར། རླངས་འཁོར་བྱེ་རྡོའི་ལམ་དུ་སྐྱོད་སྐབས་ཕར་ཡོམ་ཚུར་ཡོམ་བྱེད་པ་དང་རླངས་འཁོར་གྱི་རྒྱབ་ནས་བྱེ་རྡུལ་རིང་པོ་ཞིག་འཕྱུར། མཚམས་འདིར་ཞོགས་གང་བྱེ་རླུང་ལྡང་བའི་གནམ་གཤིས་དེའང་རིམ་གྱིས་འཇགས་པའི་ཚུལ་ནི། དཀའ་ཚེགས་ཀྱིས་མནར་བའི་བྱེས་འཐབ་ལས་བཟོ་ཚོར་སྡུག་འཕར་མ་བཟོ་འདོད་མེད་པ་དང་ཀུན་ནས་མཚུངས།

     དཔྱིད་གསར་རིང་། ཁོང་ཚོས་ལས་འགན་བརྟན་སྲུང་དང་ལེགས་སྐྱེས་ལ་བརྟེན་ནས་འགན་འཁྲི་གཙང་སྒྲུབ་ཅེས་པའི་ཡིག་འབྲུ་བཞི་པོར་འགྲེལ་བཤད་བརྒྱབ་ཅིང་། བྱ་སྤྱོད་དངོས་ལ་བརྟེན་ནས་མཚོ་བོད་ལྕགས་ལམ་གྱི“མཁའ་ལམ”ཤར་གཏོང་ཐུབ་པར་འབད་འཐབ་བྱེད་བཞིན་པའི་ཁོང་ཚོའི་གཟུགས་བརྙན་ནི་བྱེ་ཐང་གི་ཡུལ་ལྗོངས་མཛེས་ཤོས་སུ་གྱུར།