—— དིང་རི་དགུ་རུམ་གྲོང་ཚོའི“ཁྱིམ་གཞིས་སྲུང་མཁན”
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་08ཉིན། 14:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་དིང་རི་རྫོང་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ལས་དོན་པས་སྟབས་བདེའི་ཁང་པའི་ཐོག་ཁར་རྒྱལ་དར་འཛུགས་བཞིན་པ།
2025ལོའི་ཟླ་བ་དང་པོར། བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་དྲག་པོ་བརྒྱབ་པས་སྤྱི་ཚོགས་ཡོངས་སེམས་ཁྲལ་ཆེན་པོ་བྱུང་ཡོད།
ད་ཆ་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་མང་ཚོགས་རྣམས་དྲོ་སོབ་སོབ་དང་སྐྱིད་སྣང་དོད་པའི་སྟབས་བདེའི་ཁང་པར་སྤོས་ནས་ས་ཡོམ་རྗེས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་དུས་སུ་སླེབས་ཡོད།
སེམས་ཁྲལ་བྱེད་བཞིན་ཕ་ཡུལ་ལ“ཕན་པའི་བྱ་བ”བསྒྲུབས་པ།
འདི་ནི་དགུ་རུམ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཕྲུ་གུ་ཚོས་ཤོག་བུའི་གནམ་གྲུ་གློད་བཞིན་པ།
སངས་རྒྱས་དང་ཟླ་བ་ཚེ་རིང་གཅེན་གཅུང་གཉིས་ཀྱིས་ཉིན་ལྟར་མལ་ལས་ལངས་རྗེས་ཇ་འཐུང་སྤགས་ཟས་བྱས་ནས་རང་སོ་སོའི་ལས་ཀ་བྱེད་པར་སྐྱོད་ཀྱི་ཡོད།
གཅེན་པོ་སངས་རྒྱས་ནི་དགུ་རུམ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པས་ཉིན་ལྟར་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཁྲིད་དེ་ས་ཡོམ་གྱི་ཞིག་རོ་གཙང་སེལ་དང་གེགས་སྐྱོབ་དངོས་ཟོག་བགོ་བཤའ་རྒྱག་པ་སོགས་བྱེད་ཀྱི་ཡོད། གཅུང་པོ་ཟླ་བ་ཚེ་རིང་ནི་སློབ་གྲྭ་ཆེན་མོ་བ་ཞིག་ཡིན་ཞིང་། ཉིན་ལྟར“རེ་བའི་ཁང་ཆུང”ཞེས་པའི་སྟབས་བདེའི་ཁང་པའི་ནང་བསྐྱོད་དེ་གྲོང་ཚོའི་ཕྲུ་གུ་20ལྷག་ཙམ་ལ་སློབ་ཚན་ཟུར་ཁྲིད་བྱེད་ཀྱི་ཡོད།
ལོ་31ལ་སླེབས་པའི་སངས་རྒྱས་ནི་ཤ་རིད་ལ་གཟུགས་པོ་རིང་པོ་ཡོད། ཁོང་གི་སྐྲ་ཐལ་རྡུལ་གྱིས་ཁེངས་པ་དང་དམག་མིའི་སྟོད་གོས་རིང་པོ་ཞིག་གྱོན་གྱི་ཡོད། ཁོང་གིས་རྟག་ཏུ་མང་ཚོགས་ཁྲིད་དེ་བཀོད་སྒྲིག་བྱ་ཡུལ་མཐའ་འཁོར་དུ་གཙང་སྦྲ་བྱེད་ཀྱི་ཡོད། “ང་ཚོའི་གྲོང་ཚོ་གེགས་རྗེས་ཀྱི་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་དུས་སུ་སླེབས་ཡོད་པས་ཁོར་ཡུག་གཙང་སྦྲ་ཡག་པོ་བྱས་ཚེ་འཚོ་བ་སླར་ཡང་འགོ་གསར་པ་ཞིག་འཛུགས་ཐུབ”
འདི་ནི་དགུ་རུམ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སངས་རྒྱས(དཀྱིལ)ཀྱིས་བཀོད་སྒྲིག་བྱ་ཡུལ་དུ་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།
གཅུང་པོ་ཟླ་བ་ཚེ་རིང་དང་བླངས་པ་བྱེད་དུ་སྐྱོད་པར་སངས་རྒྱས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད།
གཅུང་པོར་རིག་གནས་དང་ཤེས་བྱ་ཡོན་ཏན་ཡོད་པས་གྲོང་ཚོའི་ཕྲུ་གུ་ཚོར་སློབ་ཚན་ཟུར་ཁྲིད་བྱེད་མཁན“དགེ་རྒན”འདི་འདྲ་ཞིག་གིས་གྲོང་ཚོར“ཕན་པའི་བྱ་བ”ཞིག་སྒྲུབ་དགོས་གལ་ཆེན་པོ་ཡོད།
ས་ཡོམ་གྱིས་མི་རྣམས་ཀྱི་ཁྱིམ་གཞིས་ཐོར་མོད། འོན་ཀྱང་ཁྱིམ་ཚང་ནི་མང་ཚོགས་ཀྱི་སེམས་པ་ཆགས་ས་རེད།
ད་ཆ་དགུ་རུམ་གྲོང་ཚོར་སྔར་བཞིན་བཅའ་སྡོད་བྱེད་མཁན་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་མེ་ཟོན་རུ་མི་ཡོད་ལ་སེམས་ཁུར་བྱེད་མཁན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱང་ཡོད།
རོཌ་སྐྱོབ་བྱེད་སྐབས“ན་ཟུག་བཏང་བའི་ཚོར་སྣང་མ་བྱུང”
“ས་ཡོམ་དྲག་པོ་མ་བརྒྱབ་གོང་ས་ཡོམ་ཆུང་ངུ་ཞིག་བརྒྱབ་སོང་། སྐབས་དེར་ངས་གྲོང་ཚོའི་སྐད་འཕྲིན་ཚོགས་པའི་ནང་མང་ཚོགས་ཚོར་རང་སོ་སོའི་ཁང་པར་ཞིབ་བཤེར་བྱེད་དགོས་པའི་བརྡ་ཐོ་བཏང་བ་ཡིན”ཞེས་སྟབས་བདེའི་ཁང་པའི་ནང་གི་འབོལ་གདན་དུ་བསྡད་དེ་སངས་རྒྱས་ཀྱིས་ས་ཡོམ་རྒྱག་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱས།
“ངས་རང་ཁྱིམ་གྱི་ཕྲུ་གུ་གཉིས་ཁྲིད་དེ་རླངས་འཁོར་བཏང་ནས་དཀར་པོ་གྲོང་ཚོའི་གཉེན་ཉེའི་ཁྱིམ་དུ་རིལ་མ་དབོར་བར་སྐྱོད་པ་ཡིན། ལམ་ཕྱེད་དུ་སླེབས་སྐབས་རླངས་འཁོར་ཡོམ་ཡོམ་བྱས་པའི་ཚོར་སྣང་བྱུང་། ངས་མགོ་བཀྱགས་ནས་ལྟ་སྐབས་ཟིང་དཀར་གྲོང་ཚོའི་ཁང་པ་རྡིབ་ནས་ཐལ་རྡུལ་གང་སར་འཕྱུར་བ་མཐོང་བྱུང་། ཕྱིར་བལྟས་པས་ང་ཚོའི་གྲོང་ཚོའི་ཁང་པ་ཡང་རྡིབ་འདུག”ཅེས་སངས་རྒྱས་ཀྱིས་བརྗོད།
འདི་ནི་བཀོད་སྒྲིག་བྱ་ཡུལ་གྱི་སྟབས་བདེའི་ཁང་པའི་ནང་ཟླ་བ་ཚེ་རིང(གཡོན)གིས་ཁོ་པའི་ཨ་མ་ཚེ་རིང་ཐག་གཅོད་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།
བསམ་བློ་གཏོང་ཁོམ་མ་བྱུང་བར་ཁོང་གིས་འཕྲལ་མར་རླངས་འཁོར་གྱི་ཁ་བསྒྱུར་ནས་རང་ཁྱིམ་གྱི་ཕྱོགས་སུ་སྐྱོད།
ཁ་པར་བརྒྱབ་ནས་ཨ་མ་དང་ནང་མི་གཞན་དག་ཚང་མ་ཕྱིར་བྲོས་ཟིན་པ་ཤེས་རྗེས། སངས་རྒྱས་ཀྱི་སེམས་གཞི་ནས་ལྷོད་ལ་བབས། རླངས་འཁོར་གྲོང་ཚོའི་མདོར་འབྱོར་རྗེས་ཕྲུ་གུ་ཞིག་གིས“སྲོག་སྐྱོབས་དང”ཞེས་འབོད་བཞིན་ཡོད་པ་ཐོས། ཁོང་གིས་འཕྲལ་མར་རླངས་འཁོར་ཁ་བཀག་ནས་བྲེལ་འཚུབ་ངང་ཞིག་རོའི་ཁྲོད་ནས་ས་རྡོ་སྔོག་སྟེ་མི་སྐྱོབ་འགོ་ཚུགས།
སངས་རྒྱས་ཀྱིས་ཁ་པར་བརྒྱབ་ནས་གྲོང་ཚོའི་གཞོན་ནུ་ཁ་ཤས་སྐད་བཏང་སྟེ་ཚང་མས་ལག་པས་ཞིག་རོའི་ཁྲོད་ནས་ས་རྡོ་སྔོག་པས་མཐར་ཕྲུ་གུ་གསུམ་སྐྱབས་ཐུབ་པ་དང་། དེ་ནས་སླར་ཡང་ཞིག་རོ་གཞན་ཞིག་ཁྲོད་ནས་མི་གཉིས་སྐྱབས་ཡོད།
ས་ཡོམ་བརྒྱབ་ནས་ཡུན་རིང་མ་སོང་བར་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་། བཅིངས་འགྲོལ་དམག་གི་འཐབ་འཛིང་པ། མེ་ཟོན་རུ་མི་བཅས་གཅིག་རྗེས་གཉིས་མཐུད་ངང་དགུ་རུམ་གྲོང་ཚོར་རོགས་སྐྱོབ་བྱེད་པར་འབྱོར་ཡོད། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ཆུ་ཚོད་བཞི་ཙམ་མཉམ་དུ་འཚོལ་སྐྱོབ་བྱས་པ་བརྒྱུད། ཚེས་7ཉིན་གྱི་ཆུ་ཚོད་13ཙམ་ལ་མྱུར་སྐྱོབ་ལས་དོན་སྤྱིའི་ཆ་ནས་མཇུག་འགྲིལ་ཡོད།
སངས་རྒྱས་ཀྱི་ལག་པ་གཡས་པའི་དཀྱིལ་མཛུབ་ལ་རྨ་ཆེན་པོ་ཞིག་བཟོས་ཡོད་པས་རོགས་སྐྱོབ་མི་སྣས་ཁོང་གི་ལག་པར་འཚེམ་བུ་བཞི་བརྒྱབ་ཀྱང་ཁོང་གིས“ན་ཟུག་བཏང་བའི་ཚོར་སྣང་མ་བྱུང”ཞེས་བཤད།
སྐབས་དེར་ཅང་སུའུ་ནན་ཅིང་དུ་ཡོད་པའི་ཟླ་བ་ཚེ་རིང་གིས་ཕ་ཡུལ་དུ་ས་ཡོམ་བརྒྱབ་པ་ཤེས་རྗེས། གཅེན་པོ་དང་ཨ་མར་ཁ་པར་ཡང་ཡང་བརྒྱབ་རུང་། ཁ་པར་ལེན་མཁན་བྱུང་མེད།
ལོ་17ལ་སླེབས་པའི་ཚ་མོ་བསྟན་འཛིན་དབང་མོའི་ཁ་པར་ནས་ནང་མི་ཚང་མ་བདེ་བདེ་ཐང་ཐང་ཡིན་པ་ཤེས་རྗེས། ཁོང་གཞི་ནས་སེམས་ལྷོད་ལ་བབས། “ངས་སློབ་ཞོར་ལས་ཀ་བྱེད་སའི་སྦྱིན་བདག་གི་ས་ནས་གླ་ཆ་སྒོར་2000སྔ་བསྣུར་དུ་བླངས་ཏེ་གནམ་གྲུའི་སྤ་སེ་ཉོས་ནས་ཚེས་8ཉིན་གཞིས་རྩེ་གྲོང་ཁྱེར་དུ་འཕུར་བ་དང་། དེ་ནས་རླངས་འཁོར་བསྡད་དེ་མཚན་མོ་དེ་རང་ལ་གྲོང་ཚོར་ལོག་པ་ཡིན”ཞེས་བཤད།
ཁྱིམ་གཞིས་གསར་པ་དེ་བས་ཡག་པ་ཡོང་ངེས་རེད།
སྔ་པོ་ནས་ལངས་ཏེ་གྲོང་ཚོར་སྐོར་བ་རྒྱག་རྒྱུ་ནི་སངས་རྒྱས་ལ་ལོ་མང་རིང་འཇགས་པའི་གོམས་གཤིས་ཤིག་རེད། ས་ཡོམ་བརྒྱབ་རྗེས། ཁོང་དུས་རྒྱུན་ལས་སྔ་བ་ལངས་ཀྱི་ཡོད།
གཙང་སེལ་ཟིན་པའི་ཞིག་རོར་བལྟ་གིན་གྲོང་ཚོའི་དེ་སྔའི་རྣམ་པ་ཡིད་ལ་ཡང་ཡང་འཁོར། སངས་རྒྱས་ཀྱིས་རྟག་ཏུ་གེགས་རྗེས་བསྐྱར་སྐྲུན་གྱི་གནད་དོན་ལ་བསམ་བློ་གཏོང་བ་དང་། ས་ཆ་གང་དུ་ཁང་པ་བརྒྱབ་ན་ཉི་མ་དེ་བས་དྲོ་བ་དང་དེ་བས་སྐྱིད་སྣང་དོད་པ་ཡོང་རྒྱུར་བསམ་བློ་གཏོང་གི་ཡོད། “ཁོམ་པ་བྱུང་དུས་ཚང་མས་གླེང་དགའ་ཤོས་ནི་ཇི་ལྟར་བྱས་ནས་ཁང་པ་གསར་པ་རྒྱག་རྒྱུ་དེ་ཡིན་པ་དང་ཁང་པ་དེ་བས་བརྟན་པོ་ཞིག་རྒྱག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”
ཟླ་བ་ཚེ་རིང་གི་སེམས་ནུས་གཙོ་བོ་ཕྲུ་གུ་ཚོར་བཞག་གི་ཡོད། གྲོང་ཚོའི་ནང་ཕྲུ་གུ་བུ་ཆུང་ཆུང་15ཡོད་པ་དང་ཁོང་གིས་རྒྱུན་དུ་ཕྲུ་གུ་ཚོ་དང་མཉམ་དུ་རྐང་རྩེད་སྤོ་ལོ་རྒྱག་གི་ཡོད། ཚང་མ་དཀའ་ལས་ཁག་ཚེ། ས་སྟེང་དུ་ཉལ་ནས་ངལ་གསོ་གི་ཡོད།
“མ་འོངས་པར་སྲིད་གཞུང་གིས་ང་ཚོར་ཁང་པ་གསར་པ་ཧ་ཅང་ཡག་པོ་ཞིག་བསྐྲུན་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད” “ད་ཐེངས་ཀྱི་ས་ཡོམ་ལས་ང་ཚོར་སླད་ཕྱིན་ཡོང་འབབ་གསོག་རྒྱུ་ཁོ་ནར་བསམ་བློ་གཏོང་མི་རུང་བར། ཡོམ་འགོག་ཐུབ་པའི་ཁང་པ་དེ་བས་བརྟན་པོ་ཞིག་བསྐྲུན་དགོས་པ་ཚོར་བྱུང” “ས་ཡོམ་བརྒྱབ་རྗེས་ང་ཚོར་མིག་མདུན་གྱི་ཉིན་རེའི་འཚོ་བ་ཡག་པོ་སྐྱེལ་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན་པ་རྟོགས་བྱུང”ཞེས་གྲོང་མི་ཚོས་སླད་ཕྱིན་ཇི་ལྟར་བྱ་རྒྱུའི་སྐོར་གླེང་བཞིན་ཡོད།
སངས་རྒྱས་ཀྱིས་ནན་ཏན་ངང་ཉན་ཞོར་དུ་མགོ་ལྕོག་ལྕོག་བྱེད་པ་དང་དེ་ནི་ཁོང་གི་རེ་བའང་ཡིན།
ཟླ་བ་བཞི་སོང་རྗེས་ཟླ་བ་ཚེ་རིང་ནན་ཅིང་ནོར་དཔལ་སློབ་ཆེན་ཐོན་གྱི་ཡོད། “སློབ་གྲྭ་ཐོན་རྗེས། ང་རང་ཕ་ཡུལ་དུ་ལོག་ནས་གཞུང་ལས་པའི་ཡིག་རྒྱུགས་གཏོང་གི་ཡིན”ཞེས་བཤད། ལོ་24ལ་སླེབས་པའི་གཞོན་ནུ་དེས་མ་འོངས་པར་འཆར་གཞི་བཏིང་ཟིན་པ་རེད།
བར་བརྒལ་བཀོད་སྒྲིག་ལས་དོན་སྤྱིའི་ཆ་ནས་མཇུག་འགྲིལ་ཞིང་། ཁྱིམ་གཞིས་གསར་པ་སྐྲུན་འགོ་ཚུགས་མ་ཐག་རེད།
ས་རུབ་ལ་ཉེ་བས་བཅར་འདྲི་ཡང་མཇུག་སྒྲིལ་སོང་། སངས་རྒྱས་གཅེན་གཅུན་གཉིས་ཀྱིས་གསར་འགོད་པ་གྲོང་ཚོའི་མདོ་བར་བསྐྱལ་བྱུང་། རླངས་འཁོར་དལ་བུར་བསྐྱོད་རྗེས་ཁོང་ཚོའི་གྲིབ་གཟུགས་རིམ་བཞིན་རབ་རིབ་ཏུ་གྱུར།
འབད་འཐབ་པ་ཚང་མས་སྔར་ལས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་སྐྲུན་ལ་གཞོལ་བཞིན་ཡོད། ཁོང་ཚོ་ཡོད་པ་ལས་ས་ཆ་འདིར་རེ་བས་ཁེངས་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།