གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་08ཉིན། 14:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱས་པར། 2024ལོར་མཚོ་བྱང་ཀྲོའུ་ཡིས་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། དམངས་འཚོ་འགན་ལེན་ཞབས་ཞུར་སྔར་བས་ཤུགས་སྣོན་བརྒྱབ་པ། ཀྲོའུ་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་སུ་འཛུགས་སྐྲུན་རྣམ་གྲངས་91ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་21.73བཏང་བ་ལས་བསྐྲུན་ཟིན་པའི་རྣམ་གྲངས་57ལ་མ་དངུལ་སྒོར་དུང་ཕྱུར་11.13བཏང་བས་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་གྱི་ཆུ་ཚད་མཐོ་རུ་བརྟན་པོ་ཕྱིན་ཡོད།
མཚོ་བྱང་ཀྲོའུ་ཡིས་གྲོང་ཁྱེར་གྱི་འགྲོ་ལམ་སྤྱི་ལེ་43.19ལ་སྒྱུར་བཀོད་བྱས་པ་དང་། ཆུ་མཁོ་འདོན་དང་དྲོད་མཁོ་འདོན་གྱི་སྦུག་དྲ་སྤྱི་ལེ་37.96ལ་སྒྱུར་བཀོད་བྱས་པ། ས་འོག་ཆུ་འབུད་སྦུག་དྲ་སྤྱི་ལེ་65.17བསྐྲུན་ཡོད། ཡུག་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་24ལག་བསྟར་བྱས་ནས་འཛུགས་སྐྲུན་གྱི་ཕྱི་ངོས་སྨི་ངོས་གྲུ་ཁྲི་2.6ལ་སྒྱུར་བཀོད་བྱས་པ། རླངས་འཁོར་འཇོག་ཁུལ་23ཡི་འཇོག་ས་1859དང་། གློག་འཁོར་འཇོག་ཁུལ་17གྱི་འཇོག་ས་281 སྤྱི་གླིང་ཆུང་ངུ་12བཅས་འཛུགས་སྐྲུན་བྱས་ཡོད། ཁྱོན་མ་དངུལ་སྒོར་ཁྲི་3492.17བཏང་ནས་མཛེས་མཐུན་གྲོང་གསེབ་9ཡི་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱས་ཡོད།
མཚོ་བྱང་ཀྲོའུ་ཡིས་གྲོང་ཁྱེར་གསར་བརྗེས་རྣམ་གྲངས་དེ་དམ་འཛིན་བྱ་གཞིར་བྱས་ཏེ་གྲོང་ཁྱེར་གྱི་མདོང་ལམ་དང་ཆུ་འགྲོ་ལེགས་སུ་བཏང་ནས་གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་གཏོང་བ། འཚོ་སྡོད་རུང་བ་དང་། མཉེན་གཤིས་ལྡན་པ། སྐྱེ་ཁམས་ལེགས་པ། གསར་བརྗེའི་མི་ཆོས་རིག་གནས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་བསྐྲུན་པ་དང་། ཀྲོའུ་ཡོངས་ཀྱི་ལྗང་མདོག་འཛུགས་སྐྲུན་གྱིས་གསར་དུ་བསྐྲུན་པའི་འཛུགས་སྐྲུན་གྱི་བསྡུར་ཚད་ཀྱི་98.56%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་དང་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་ཚད་97.65%དང་93.11%སོ་སོར་ཟིན་ཡོད། མ་དངུལ་སྒོར་ཁྲི་2106བཏང་བའི་ཆུ་འབུད་དང་ཞོད་སྐྱོན་འགོག་པའི་རྣམ་གྲངས་ཁག་2ལེགས་སྒྲུབ་བྱས་པ། རྐང་ཚ་དང་། མདའ་བཞི། འཇུ་ལག་བཅས་རྫོང་གསུམ་གྱི་འཚོ་བའི་གད་སྙིགས་ཟི་ལིང་དུ་བརྒྱུད་འདྲེན་བྱས་ནས་གད་སྙིགས་ཏུན་19000ལྷག་ཙམ་མེར་བསྲེགས་གཙང་སེལ་བྱས་པ། “གཙང་གསུམ་བཅོས་གསུམ་”གྱི་བྱ་སྤྱོད་ཏན་ཏིག་སྤེལ་ནས་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་གད་སྙིགས་ཏུན་ཁྲི་3ལྷག་ཙམ་གཙང་སེལ་བྱས་ཡོད།