གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་07ཉིན། 13:30】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པར་2025ལོའི་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར་མཚོ་སྔོན་ཞིང་ཆེན་གྱིས་འགྲིམ་འགྲུལ་ལ་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར་150ཡན་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་9.3ཟིན་པར་བྱེད་རྩིས་ཡོད་པ་ལས་མྱུར་བགྲོད(རིམ་པ་དང་པོ་ཚུད་པ)གཞུང་ལམ་སྤྱི་ལེ་5300ཡོད།
2025ལོར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གཙོ་གནད་ལས་འགན་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ། ཁྱབ་ཁོངས་7འཆར་འགོད་དང་ཞིབ་ཕྲའི་དམིགས་ཚད་28ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞིང་། སྟོང་སོ་ནས་རག་ཤུལ་མདོ་བར་དང་། བར་མདོ་ལུང་ནས་མཁར་དམར་བར། བྱེ་རོང་ཆུང་ནས་ཉིན་ཆེན་ཉག་ཁ་བར་སོགས་ཞིང་ཆེན་དབར་གྱི་བགྲོད་ལམ་ཆེན་པོའི་རྣམ་གྲངས་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ། ཀན་སུའུ་ཡི་ཡུང་ཏེང་དང་། ལིན་ཤ། ཀླུ་ཆུ། རྨ་ཆུ་བཅས་དབར་གྱི་བགྲོད་ལམ་4སྐྲུན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། ཀན་སུའུ་ཡི་དཔའ་རིས་ཀྱི་ཀན་ཁྲན་ཁོའུ་ནས་ཁེ་ཐུའུ་བར་དང་། སི་ཁྲོན་ཛམ་ཐང་གི་པད་མ་ནས་མཛའ་གྲོགས་ཟམ་བར་སོགས་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་དང་། ཡུལ་ཤུལ་གྱི་འབའ་ཐང་ནས་རྫ་སྟོད་བརྒྱུད་བོད་ཀྱི་ནག་ཆུའི་བར་གྱི“བོད་སྐྱོད་དཀྱིལ་ལམ”བདེ་བགྲོད་རྣམ་གྲངས་ལག་ལེན་བསྟར་ནས་མཐའ་འཁོར་གྱི་ཞིང་ཆེན་དང་འབྲེལ་མཐུད་ཤར་གཏོང་ཐུབ་པའི་རིམ་པ་སྔར་བས་མཐོ་རུ་གཏོང་རྒྱུ་རེད། ཞིང་ཆེན་ནང་ཁུལ་ལམ་དྲའི་འཁོར་རྒྱུག་ཆེན་པོར་བདེ་བགྲོད་ཐུབ་པར་བྱ་རྒྱུ་ཡིན་ཞིང་། ཚ་འདམ་ཆུང་བའི་མཚོ་ནས་མང་ཨེ་བར་དང་། ཁྲི་ཀ་ནས་འབལ་རྫོང་བར་སོགས་ཀྱི་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུ་རེད། ཆུ་འགག་ཆུང་བ་བསྐྱར་སྐྲུན་དང་། དབྱར་ས་ནས་ཨ་སྐུང་བར། རྨ་ཆེན་བརྒྱུད་ཁྲང་མ་ཆུ་བོ་ནས་མཛོ་རྒན་རྭ་བ་བར་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་བསྐྲུན་རྒྱུ་རེད།
འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྐྱེ་ཁམས་ཡུལ་ལྗོངས་ལམ་ཆེན“ཨང་1བྱས་པ་ལྔ”མགྱོགས་མྱུར་བསྐྲུན་ནས་མཚོ་ཀན་སྐོར་ལམ་ཆེན་པོའི་སྤུས་ཚད་གང་ཐུབ་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། སྒེ་མོ་ལ་སོགས་ལྗོངས་གཟིགས་རི་བོ་10དང་རྐང་ཚའི་དཀོན་ལོ་གོང་མ་གྲོང་ཚོ་སོགས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་གྲོང་ཚོ་20ཡི་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ། མཚོ་སྔོན་པོ་ཨང་1དང་ཚྭ་འདམ་ཨང་1གི་གཞུང་ལམ་སྐྲུན་གང་ཐུབ་བྱས་ནས་ནུས་པ་འཐུས་ཚང་དང་། ལམ་དང་ཡུལ་ལྗོངས་མཉམ་འདྲེས། རང་རང་གི་ཁྱད་ཆོས་ལྡན་པ། འགྲོ་འོང་དང་ཡུལ་སྐོར་ལ་འཚམ་པ་བཅས་ཀྱི“མྱུར་སྐྱོད་དལ་སྐོར”གྱི་ཡུལ་སྐོར་གཞུང་ལམ་དྲ་བ་ཆགས་པ་བྱ་རྒྱུ་རེད།
རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གཞུང་ལམ་མཐོར་གཏོང་བྱ་སྤྱོད་ལག་ལེན་བསྟར་ཏེ། གྲོང་གསེབ་ཀྱི་ཐོན་ལས་ལམ་དང་། ཡུལ་སྐོར་ལམ། ཐོན་ཁུངས་ལམ་བཅས་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུ་དང་། སྤྱིར་བཏང་གི་ཞིང་ཆེན་གྱི་གཞུང་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་4000གསར་དུ་བསྐྱར་སྐྲུན་བྱ་རྒྱུ། ཤང་དང་གྲོང་རྡལ་8ལ་རིམ་པ་གསུམ་པ་དང་དེ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་གྲངས་མང་དུ་གཏོང་རྒྱུ། རང་བྱུང་གྲོང་ཚོ་100ལ་ཨར་འདམ་ལམ་མང་དུ་གཏོང་རྒྱུ། “ངའི་སྒོ་འགྲམ་གྱི་ཟམ་པ”500ལག་ལེན་བསྟར་རྒྱུ་བཅས་རེད། གྲོང་ཁྱེར་འཁོར་ཁོངས་ཀྱི་གྲོང་ཁྱེར་དབར་གྱི་བདེ་བགྲོད་ལས་ཆོད་ཆེར་གཏོང་ལས་གྲྭ་འཆར་འགོད་ལག་བསྟར་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་དང་ས་ཚིགས་ཀྱི་ཞབས་ཞུའི་སྒྲིག་བཀོད་སྤོ་སྒྱུར་དང་གསར་སྣོན་བྱེད་ཤུགས་ཆེ་རུ་བཏང་ནས་ན་རྒས་པར་འཚམ་ཞིང་འགོག་རྐྱེན་མེད་པའི་འགྲིམ་འགྲུལ་ཕྱིར་སྐྱོད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་རེད།